མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལང་ཉིང་རྡུལ་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་ཨ་མན་ནས་སྤེལ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་དང་དབྱི་ལང་གི་འཐུས་མིས་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ཨ་མན་རྒྱལ་ཁབ་ཀྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་ནི་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་ཡིན། ཚོགས་འདུར་ཞུགས་པའི་ཕྱོགས་སོ་སོས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ་ཐེངས་འདིའི་གྲོས་མོལ་གྱི་གྲུབ་འབྲས་མཚམས་སྦྱོར་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ། འགན་ཁུར་མཚམས་བཞག་ནས་ཅང་མ་འགོར་བའི་ཡོ་རོབ་གླིང་མནའ་འབྲེལ་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན་བཅས་ཀྱིས་ཟླ་འདིའི་ཚེས་དགུ་དང་ཚེས་བཅུ་ཉིན་གཉིས་ལ་མཱ་སི་ཁཱ་ཐི་ནས་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ་ཏེ། དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་འགོད་པར་གྲ་སྒྲིག་བྱས་མོད། ཡིན་ནའང་གྲོས་མོལ་དེར་གྲུབ་འབྲས་ཆེན་པོ་མ་ཐོབ།

དབྱི་ལང་དང་དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་གིས་ན་ནིང་གི་ཟླ་བཅུ་གཅིག་པར་དུས་རིམ་རང་བཞིན་གྱི་གྲོས་ཆོད་བཀོད་པ་དང་། གྲོས་ཆོད་དེ་ལྟར་ན་དབྱི་ལང་གིས་ད་ལོའི་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་རང་གི་ཉིང་རྡུལ་འཆར་གཞིའི་ཐད་ནས་ཕྱིར་སྣུར་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བཀག་སྡོམ་ཇེ་ཡང་དུ་གཏོང་བར་བརྩོན་ལེན་བྱེད་དགོས་པ་དང་མཉམ་དུ། ཕྱོགས་གཉིས་ཀྱིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གྲོས་ཆོད་ཆ་ཚང་འགོད་པར་བརྩོན་ལེན་བྱེད་དགོས། ཡིན་ནའང་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་གྲོས་ཆོད་ཆ་ཚང་འགོད་མ་ཐུབ་པས། ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་དུས་ཚོད་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་ལ་བསྣུར་ཏེ། དེའི་སྔོན་ལ་གྲོས་ཆོད་ཆ་ཚང་འགོད་རྩིས་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག