མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཡེ་མིན་གྱི་སྔོན་ཆད་ཀྱི་ཙུང་ཐུང་ལ་བཀག་སྡོམ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 11:03

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བདུན་ཉིན་ཡེ་མིན་གྱི་སྔོན་ཆད་ཀྱི་ཙུང་ཐུང་སཱ་ཧི་ལེ་དང་ཡེ་མིན་གྱི་ཧུའུ་སད་ཅེས་པའི་སྲིད་གཞུང་ངོ་རྒོལ་དྲག་ཆས་རྩ་འཛུགས་ཀྱི་མགོ་ཁྲིད་པ་གཉིས་ལ་བཀག་སྡོམ་བྱས། མི་དེ་གསུམ་པོ་འཛམ་གླིང་གི་རྒྱལ་ཁབ་གང་ལ་ཡང་གནས་སྐོར་དུ་ཕྱིན་མི་ཆོག་པ་མ་ཟད། ཁོ་ཚོའི་རྒྱུ་ནོར་ཡང་བཀོལ་སྤྱོད་བྱས་མི་ཆོག

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ལོ་ཐའོ་ཝན་རྒྱལ་ཁབ་ཀྱི་འཐུས་མི། བདེ་འཇགས་ལས་འཛིན་ལྷན་ཚོགས་ཡེ་མིན་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མུའུ་ཨར་མོ་ཁའེ་ཐི་ཡིས་བཤད་རྒྱུར། སཱ་ཧི་ལེ་དང་ཧུའུ་སད། ཧ་ཅི་མུའུ་བཅས་ཀྱིས་ཡེ་མིན་གྱི་ཞི་བདེ་དང་བརྟན་འཇགས་ལ་ཉེན་ཁ་བཟོས་པ་དང་། ཆབ་སྲིད་ཀྱི་འཕེལ་རིམ་ལ་བཀག་འགོག་བྱས་པར་བརྟེན་ནས་བཀག་སྡོམ་གྱི་མིང་ཐོའི་ནང་དུ་བཞག་པ་རེད་ཟེར།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་བཅུ་གཉིས་པར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཡེ་མིན་རྒྱལ་ནང་གི་ཆབ་སྲིད་བར་བརྒལ་ལ་བཀག་འགོག་དང་འགྲོ་མིའི་ཐོབ་ཐང་ལ་གནོད་སྐྱེལ་བའི་མི་ཚང་མར་བཀག་སྡོམ་བྱེད་རྒྱུའི་ཐག་བཅད་མོད། ཡིན་ནའང་ཞིབ་ཕྲའི་མིང་ཐོ་གཏན་ཁེལ་མ་བྱས། གཟའ་འཁོར་གཅིག་གི་སྔོན་ལ། ཨ་མེ་རི་ཁས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཡེ་མིན་བཀག་སྡོམ་ཨུ་ཡོན་ལྷན་ཁང་ལ་རེ་ཞུ་ཡི་གེ་སྤྲད་དེ། སཱ་ལེ་ཧི་སོགས་མི་གསུམ་ལ་བཀག་སྡོམ་བྱེད་རྒྱུའི་རེ་བ་བཏོན།

ཨ་མེ་རི་ཁའི་མིང་བཤད་མི་འདོད་པའི་དཔོན་རིགས་ཤིག་གིས་ཚེས་བདུན་ཉིན་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཉིན་དེའི་ཐག་གཅོད་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དྲག་ཤུགས་བཀོལ་ནས་ཡེ་མིན་མི་དམངས་ཀྱི་ཆབ་སྲིད་འདོད་བློ་དང་ཆབ་སྲིད་འཕེལ་རིམ་ལ་བཀག་འགོག་གཏན་ནས་བྱེད་དུ་མི་འཇུག་པ་མཚོན་ཡོད་ཟེར།

སཱ་ཧི་ལེ་ཕྱོགས་ཀྱིས་གནས་སྐབས་སུ་དེར་ལན་ཅི་ཡང་བཏབ་མེད། རྒྱལ་ནང་གི་གནས་བབ་ཟང་ཟིང་དུ་གྱུར་བས། སཱ་ཧི་ལེ་ཉིས་སྟོང་བཅུ་གཉིས་ལོར་སྲིད་སྟེགས་ལས་མི་འབབ་ཐབས་མེད་བྱུང་། དེ་སྔོན་ཁོས་ཡེ་མིན་གྱི་བརྟན་འཇགས་ལ་གཏོར་བརླག་བྱེད་རྩིས་ཡོད་པ་ཁས་མ་བླངས།

སཱ་ཧི་ལེ་ཡི་རྒྱབ་རྟེན་དུ་གྱུར་བའི་སྲིད་ཏང་གིས་ཚེས་དྲུག་ཉིན་ཉེན་བརྡ་བཏང་ནས། སཱ་ཧི་ལེ་ལ་བཀག་སྡོམ་བྱེད་པའམ་ཐ་ན་བཀག་སྡོམ་རིགས་ཀྱི་ཐ་ཚིག་བསྒྲགས་ཚེ། ཡེ་མིན་གྱི་ཆབ་སྲིད་འཕེལ་རིམ་ལ་བར་ཆད་བཟོ་སྲིད་ཅེས་བཤད་མྱོང་། 

 ཨ་མེ་རི་ཁས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྙན་ཞུ་ཕུལ་བའི་གྱོད་དོན་གྱི་གནས་ཚུལ་ནང་དུ། སཱ་ཧི་ལེ་ཡིས་སྲིད་འགྱུར་སློང་རྩིས་ཡོད་པ་དང་། ཉིས་སྟོང་བཅུ་གཉིས་ལོར་སྲིད་སྟེགས་ལས་བབས་རྗེས། སཱ་ཧི་ལེ་ནི་ཧུའུ་སད་ཅེས་པའི་སྲིད་གཞུང་ངོ་རྒོལ་དྲག་ཆས་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཏུ་གྱུར་ཞེས་བཤད་ཡོད།

ཟླ་དགུ་བའི་ཟླ་དཀྱིལ་ལ། ཧུའུ་སད་དྲག་ཆས་རྩ་འཛུགས་ཀྱིས་རྒྱལ་ས་སཱ་ནཱར་དཔུང་འཇུག་ཆེན་པོ་བྱས་པ་མ་ཟད། སྲིད་གཞུང་གི་ལས་ཁུངས་གལ་ཆེན་མང་བོ་དབང་དུ་བཟུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕོ་ཉའི་བར་འདུམ་འོག དྲག་ཆས་རྩ་འཛུགས་དེ་དང་ཡེ་མིན་སྲིད་གཞུང་གིས་ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག