མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རུ་ཝང་ཏའི་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་བཙུགས་ཏེ་ལོ་འཁོར་ཉི་ཤུ་ལོན་པར་དྲན་གསོ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་གསལ་འགྱུར་གསལ་སྒྲོག་སྤེལ་ནས། རུ་ཝང་ཏའི་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་བཙུགས་ཏེ་ལོ་འཁོར་ཉི་ཤུ་ལོན་པར་དྲན་གསོ་ཞུས་པ་དང་མཉམ་དུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིགས་རྒྱུད་དམར་གསོད་ཀྱི་ནག་ཉེས་བསགས་པའི་བྲོས་བྱོལ་ཉེས་ཅན་འཛིན་བཟུང་དང་གཏུག་བཤེར། བཀག་སྐྱེལ་སོགས་ཀྱི་ཐད་ནས་གཞོགས་འདེགས་བྱེད་རྒྱུའི་སྐུལ་མ་བཏང་།

གསལ་སྒྲོག་ནང་དུ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲིམས་ཁང་དེས་གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་རུ་ཝང་ཏའི་རིགས་རྒྱུད་དམར་གསོད་ཆེན་པོའི་ནག་ཉེས་བསགས་པའི་ཉེས་ཅན་གཏུག་བཤེར་བྱས་པ་དང་། ནག་ཉེས་ཡོད་ཀྱང་ཁྲིམས་ཆད་མ་བཅད་པར་ཆམ་ཕབ་བཏང་བ།གཞན་ད་དུང་མི་རིགས་འགྲིག་མཐུན་གྱི་འཕེལ་རིམ་དང་ཞི་བདེ་སླར་གསོ་དང་སྲུང་འཛིན་བྱེད་པ་སོགས་ཀྱི་ཐད་ལ་བྱས་རྗེས་བཞག་པར་ཁས་བླངས་པ་ཡིན་ཞེས་བཤད་ཡོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་དུང་ཉིས་སྟོང་བཅུ་ལོར་གྲོས་འཆམ་བྱུང་བའི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས་བཙུགས་པའི་ཉེས་དོན་ཁྲིམས་ཁང་གི་ཤུལ་ལུས་དོན་དག་རྒྱལ་སྤྱིའི་ཐག་གཅོད་སྒྲིག་སྲོལ་དེ་རུ་ཝང་ཏའི་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་བྱ་བ་བསྒྲུབ་མཚམས་བཞག་རྗེས་མུ་མཐུད་བྲོས་བྱོལ་ཉེས་ཅན་གྱི་འགན་འཁྲི་རྩད་གཅོད་པ་དང་ཤུལ་བཞག་གཏུག་བཤེར་གྱོད་དོན་ཐག་གཅོད་པར་ཧ་ཅང་གལ་ཆེ་ཞེས་ནན་གྱིས་བསྟན།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་སོ་སོ་དང་རུ་ཝང་ཏའི་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་། རུ་ཝང་ཏའི་སྲིད་གཞུང་བཅས་ལ་མཉམ་ལས་བྱས་ཏེ། རང་གི་མངའ་ཁོངས་སུ་ཡོད་པའི་རིགས་རྒྱུད་དམར་གསོད་ཀྱི་ནག་ཉེས་བསགས་པའི་བྲོས་བྱོལ་ཉེས་ཅན་འཛིན་བཟུང་དང་། གཏུག་བཤེར། བཀག་སྐྱེལ་བཅས་བྱེད་དགོས་པའི་འབོད་སྐུལ་བཏང་།

གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བཞི་བའི་ཚེས་དྲུག་ཉིན། རུ་ཝང་ཏ་རྒྱལ་ཁབ་ཀྱི་སྐབས་དེའི་ཙུང་ཐུང་། ཧུའུ་ཐུའུ་རིགས་རྒྱུད་ཀྱི་ཁོངས་སུ་གཏོགས་པའི་ཧ་པེ་ཡ་ལེ་མཱ་ནཱ་ཟེར་བ་དེ་བསྡད་ཡོད་པའི་གནམ་གྲུར་རུ་ཝང་ཏའི་རྒྱལ་ས་ཅི་ཅ་ལེ་ཡི་བར་སྣང་ནས་འཇབ་རྒོལ་ཐེབས་ཏེ་ཐང་ལ་ལྷུང་བ་དང་། གནམ་གྲུའི་ནང་གི་མི་ཡོངས་རྫོགས་རྐྱེན་ལམ་དུ་ཤོར། དེ་དང་བསྟུན་ནས་རུ་ཝང་ཏའི་རྒྱལ་ཡོངས་སུ་མྱུར་དུ་ཧུའུ་ཐུའུ་རིགས་རྒྱུད་ཀྱིས་ཐུའུ་ཞི་རིགས་རྒྱུད་ལ་རོ་སྐྱིན་ལེན་པའི་ཁྲག་དྲི་འཐུལ་བའི་དོན་རྐྱེན་བྱུང་ལ། ཟླ་གསུམ་རིང་གི་དམར་གསོད་ཁྲོད་ནས་མི་འབུམ་བརྒྱད་ནས་ས་ཡ་གཅིག་ཙམ་རྐྱེན་ལམ་དུ་ཤོར་བ་དང་། ཚེ་འདས་མང་ཆེ་ཤོས་ནི་ཐུའུ་ཞི་རིགས་རྒྱུད་ཀྱི་མི་རེད།

གཅིག་སྟོང་དགུ་བརྒྱ་གོ་བཞི་ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། རུ་ཝང་ཏའི་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་བཙུགས་ཏེ། གཅིག་སྟོང་དགུ་བརྒྱ་གོ་བཞི་ལོར་རུ་ཝང་ཏའི་མངའ་ཁོངས་ནས་རིགས་རྒྱུད་དམར་གསོད་བྱས་པ་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་རིང་དུ་འགལ་བའི་དོན་རྐྱེན་སློང་མཁན་གྱི་འགན་ཁུར་བ་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཁྲིམས་འགལ་བྱ་སྤྱོད་དེའི་རིགས་སྤེལ་བའི་རུ་ཝང་ཏའི་སྤྱི་དམངས་ཆེད་དུ་ཁྲིམས་ཁང་དེར་གཏུག་བཤེར་བྱེད་རྒྱུའི་ཐག་བཅད། ལོ་ཉི་ཤུའི་རིང་ལ། ཁྲིམས་ཁང་དེས་མི་གོ་གསུམ་ལ་ཉེས་མིང་བཏགས་པ་དང་། དེའི་ནང་གི་མི་རེ་གཅིག་ལ་ཁྲིམས་ཐག་བཅད། ཚོད་དཔག་བྱས་ན་ཁྲིམས་ཁང་དེས་ཉིས་སྟོང་བཅོ་ལྔ་ལོར་དངོས་སུ་བྱ་བ་བསྒྲུབ་མཚམས་འཇོག་རྒྱུ་ཡིན་ལ། ཤུལ་ལུས་དོན་དག་ཐག་གཅོད་སྒྲིག་སྲོལ་ཡང་ཁྲིམས་ཁང་དེས་བྱ་བ་བསྒྲུབ་མཚམས་བཞག་རྗེས་ལག་བསྟར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག