མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕོ་བྲང་དཀར་བོའི་གུང་ཚིགས་ཚོགས་འདུའི་སྟེང་ཁ་རྩོད་བྱུང་བ་དང་ཨོ་པ་མ་ཡིས་སྤྱི་མཐུན་ཏང་གི་མགོ་ཁྲིད་པར་མི་དགའ་བའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-09 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས་བདུན་ཉིན་དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གཉིས་ཀྱི་རྒྱལ་ཚོགས་ཀྱི་མགོ་ཁྲིད་པ་གདན་དྲངས་ཏེ་ཕོ་བྲང་དཀར་བོ་ནས་ཁོ་ཚོར་ཐུག་འཕྲད་བྱས་ཏེ། ཕྱི་ཕྱོགས་ལ་དམངས་གཙོ་ཏང་དང་སྤྱི་མཐུན་ཏང་བར་དང་། ཕོ་བྲང་དཀར་བོ་དང་རྒྱལ་ཚོགས་བར་གྱི་མཉམ་ལས་ཀྱི་རྣམ་འགྱུར་བསྟན།

བསམ་ཡུལ་ལས་འདས་པ་ཞིག་ལ། ཨོ་པ་མ་དང་སྤྱི་མཐུན་ཏང་གི་མགོ་ཁྲིད་བར་གུང་ཚིགས་ཚོགས་འདུའི་སྟེང་ལྟ་ཚུལ་མི་འདྲ་བ་བྱུང་བ་དང་། ཐ་ན་ཨོ་པ་མ་ཡིས་གཏམ་སྤྱོད་ལས་ཧ་ཅང་མི་དགའ་བ་དང་ཁོང་ཁྲོ་ལངས་པའི་ཚུལ་མངོན་གསལ་དུ་བསྟན།

གུང་ཚིགས་ཚོགས་འདུའི་སྔོན་ལ། ཨོ་པ་མ་ཡིས་དམངས་གྲོས་ཁང་གི་གྲོས་དཔོན་པོ་ནཱ་དང་། གྲོས་ཞུགས་ཁང་གི་ཏང་མང་ཤོས་ཀྱི་མགོ་གཙོ་ཧ་ལེ་ལེ་ཏི། མི་འགྱང་བར་གྲོས་ཞུགས་ཁང་གི་ཏང་མང་ཤོས་ཀྱི་མགོ་གཙོའི་འགན་འཁུར་རྒྱུ་ཡིན་པའི་སྤྱི་མཐུན་ཏང་གི་གྲོས་ཞུགས་པ་མའེ་ཁང་ནའེ་ཨར་སོགས་རྒྱལ་ཚོགས་ཀྱི་མགོ་ཁྲིད་པ་རྣམས་དང་མཉམ་དུ་པར་བླངས།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དུས་ཚོད་སྐར་མ་བཞིའི་རིང་པར་ལེན་སྐབས། མགོ་ཁྲིད་དེ་དག་གི་རྣམ་འགྱུར་གཟབ་ནན་ཡིན་པ་དང་། ཐ་ན་ཅུང་དོགས་མི་བདེ་བའི་ཚུལ་མངོན་འདུག་ཟེར།

ཚོགས་འདུའི་སྔོན་ལ་ཨོ་པ་མ་ཡིས་གསར་འགོད་པ་རྣམས་ལ། དུས་ཡུན་འབྲིང་བའི་འདེམ་བསྐོིའི་མཇུག་འབྲས་ལས་ཨ་མེ་རི་ཁའི་མང་ཚོགས་ཀྱིས་སྲིད་གཞུང་དང་རྒྱལ་ཚོགས་ཀྱིས་བྱ་བ་མང་ཙམ་བསྒྲུབ་རྒྱུར་རེ་སྒུག་བྱེད་བཞིན་པ་མཚོན་ཐུབ་ལ། ཁོ་ཚོས་ང་ཚོས་མཉམ་ལས་སྔར་ལས་མང་བོ་བྱེད་པ་མཐོང་འདོད་ཡོད་པས། ང་ཚོ་ཚང་མར་རེ་སྒུག་དེ་མངོན་འགྱུར་བྱེད་པའི་ལས་འགན་ཡོད། ཐེངས་འདིའི་གུང་ཚིགས་ཚོགས་འདུས་ང་ཚོར་དེའི་གོ་སྐབས་བྱིན་པས། ཕྱོགས་སོ་སོས་འདིའི་ཐད་ནས་འབད་བརྩོན་བྱེད་འོས་ཞེས་བཤད།

མིང་བཤད་མི་འདོད་པའི་མི་ཞིག་གིས་གུང་ཚིགས་ཚོགས་འདུ་གྲོལ་རྗེས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། ཕལ་ཆེར་དུས་ཚོད་གཉིས་ཙམ་གྱི་གུང་ཚིགས་ཚོགས་འདུའི་སྟེང་། ཨོ་པ་མ་དང་སྤྱི་མཐུན་ཏང་གི་མགོ་ཁྲིད་པའི་བར་དུ་གནས་སྤོར་བཅོས་སྒྱུར་གྱི་གྲོས་གཞིའི་ཐད་ནས་ཁ་རྩོད་བྱུང་ཟེར།

དམངས་གཙོ་ཏང་དང་སྤྱི་མཐུན་ཏང་གཉིས་ཀྱིས་དེ་སྔོན་མཐའ་མཚམས་བདེ་འཇགས་སུ་གཏོང་བའི་གྲོས་གཞི་ཞིག་གི་མ་ཡིག་བྲིས་ཏེ། ཁྲིམས་མཐུན་གནས་སྤོར་སྡོད་དམངས་ལ་ལམ་ཡིག་སྟེར་ཚད་ཇེ་མང་དུ་གཏོང་བ་དང་མཉམ་དུ། ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་ཨ་མེ་རི་ཁའི་རྒྱལ་ཁོངས་སུ་ཞུགས་པའི་གོ་སྐབས་སྟེར་རྩིས་བྱས། གྲོས་གཞི་དེར་སྤྱི་མཐུན་ཏང་གིས་དབང་དུ་བཟུང་བའི་དམངས་གྲོས་ཁང་ནས་ངོ་རྒོལ་ཐེབས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨོ་པ་མ་ཡིས་གུང་ཚིགས་ཚོགས་འདུའི་སྟེང་གལ་ཏེ་རྒྱལ་ཚོགས་ད་ལོའི་ལོ་མཇུག་གི་སྔོན་དུ་འབྲེལ་ཡོད་གྲོས་གཞི་ལ་གྲོས་འཆམ་མ་བྱུང་བར་མ་ཟད་ཁོར་གྲོས་གཞིའི་ཐོག་ཏུ་མིང་འགོད་དུ་མ་བཅུག་ན། ཁོས་ཙུང་ཐུང་གི་འགན་ནུས་ལག་བསྟར་བྱས་ཏེ་གནས་སྤོར་བཅོས་སྒྱུར་གྱི་སྲིད་འཛིན་བཀའ་ཁྱབ་སྒྲོག་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་དང་། པོ་ནཱ་ཡིས་ཨོ་པ་མ་ལ་ཁྱེད་ཀྱིས་གནས་སྐོར་ཁྲིམས་གཞིའི་ཐད་ནས་ཕྱོགས་གཅིག་གི་འགུལ་སྐྱོད་མ་སྤེལ་ན་དགའ་ཞེས་བཤད་ནའང་། ཨོ་པ་མ་ཡི་ལངས་ཕྱོགས་སྔར་བཞིན་བརྟན་པོ་རེད་ཟེར།

མིང་བཤད་མི་འདོད་པའི་སྤྱི་མཐུན་ཏང་གི་མགོ་ཁྲིད་པའི་མཐོ་རིམ་ལག་རོགས་ཤིག་གིས་བཤད་རྒྱུར། གུང་ཚིགས་ཚོགས་འདུའི་སྐབས་སུ། པོ་ནཱ་ཡིས་ཨོ་པ་མར་སྤྱི་མཐུན་ཏང་གིས་སང་ལོའི་ཟླ་དང་པོར་སྐབས་གསར་བའི་དམངས་གྲོས་ཁང་གི་འགན་ནུས་ལག་བསྟར་བྱས་རྗེས་འབྲེལ་ཡོད་བཅོས་སྒྱུར་སྤེལ་འོས་ཞེས་བཤད་པ་དང་། ཨོ་པ་མ་ཡིས་པོ་ནཱ་ལ་ཁོར་དེའི་བཟོད་སེམས་མེད་ཅེས་བཤད་། སྐབས་དེར་ཙུང་ཐུང་གཞོན་པ་པད་ཏིན་གྱིས་པོ་ནཱ་ལ་སྤྱི་མཐུན་ཏང་གིས་བལྟས་ན་ནམ་ཞིག་ལ་ཁྲིམས་གཞི་དེར་གྲོས་འཆམ་འབྱུང་ཐུབ་བམ་ཞེས་འདྲི་སྐབས། ཨོ་པ་མས་པད་ཏིན་ལ་སྐད་ཆ་བཤད་དུ་མ་བཅུག་ཟེར།

ཡིན་ནའང་དམངས་གཙོ་ཏང་གི་རྒྱལ་ཚོགས་ཀྱི་མི་སྣ་ཞིག་གིས་གོང་གི་བཤད་ཚུལ་དེ་ཁས་མ་བླངས། ཁོས་གུང་ཚོགས་ཚོགས་འདུའི་གྲོས་སྡུར་ཁྲོད་དུ་ཨོ་པ་མའི་ལངས་ཕྱོགས་བརྟན་པ་དང་བསམ་རྒྱ་ཆེ་ལ། ཙུང་ཐུང་གིས་ཙུང་ཐུང་གཞོན་པར་བཀག་འགོག་གཏན་ནས་བྱས་མ་སོང་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག