མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པ་མ་ཡིས་ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་ལ་དམག་དོན་མི་སྣ་སྟོང་གཅིག་དང་ལྔ་བརྒྱ་ཁ་སྣོན་བྱེད་རྒྱུའི་ཆོག་མཆན་བཀོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས་བདུན་ཉིན་དམག་ཕྱོགས་ཀྱིས་དབྱི་རག་ལ་དམག་དོན་མི་སྣ་སྟོང་གཅིག་དང་ལྔ་བརྒྱ་ཁ་སྣོན་བྱས་ཏེ། དབྱི་རག་གི་དམག་དཔུང་སྦྱོང་བརྡར་བྱེད་པ་དང་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་འགོག་རྒོལ་བྱེད་པར་རོགས་རམ་བྱེད་རྒྱུར་ཆོག་མཆན་བཀོད།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་པེ་ཡིས་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཐེངས་འདིར་དབྱི་རག་ལ་དམག་དོན་མི་སྣ་ཁ་སྣོན་བྱེད་པའི་དམིགས་ཡུལ་ནི་དབྱི་རག་བདེ་འཇགས་དམག་དཔུང་དང་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་པར་གཞོགས་འདེགས་བྱེད་རྒྱུ་དེ་ཡིན་མོད། ཡིན་ནའང་དམག་དོན་མི་སྣ་འཐབ་འཁྲུག་གི་ལས་འགན་ཁྲོད་མི་ཞུགས་ཟེར།

ཁི་པེ་ཡིས་བཤད་རྒྱུར། དབྱི་རག་སྲིད་གཞུང་གི་རེ་བ་དང་ཨ་མེ་རི་ཁའི་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་གི་དཔྱད་འཇོག་གཞིར་བཟུང་ནས། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧ་ཀིར་གྱིས་ཨོ་པ་མ་ལ་དམག་དོན་མི་སྣ་ཁ་སྣོན་བྱེད་རྒྱུའི་གྲོས་གཞི་བཏོན་པ་མ་ཟད། གྲོས་གཞི་དེར་ཆོག་མཆན་ཐོབ་ཡོད་ཟེར། ཁོས་དམག་དོན་མི་སྣས་དབྱི་རག་བདེ་འཇགས་དམག་དཔུང་དང་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣའི་འཐབ་འཁྲུག་འགུལ་སྐྱོད་ལ་གཞོགས་འདེགས་བྱེད་པ་དང་གྲོས་གཞི་འདོན་རྒྱུ་ཡིན་ལ། ཨ་མེ་རི་ཁའི་དམག་དཔུང་གིས་ད་དུང་དབྱི་རག་གི་དམག་དཔུང་སྦྱོང་བརྡར་བྱེད་པའི་འཆར་གཞི་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ་ཡིན་ཞེས་བཤད།

ཁི་པེ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་གིས་དབྱི་རག་གི་རྒྱལ་ས་པ་ཀི་ཏ་དང་དབྱི་རག་གི་ཁུའུ་ཨར་ཏི་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཙོ་བོ་ཨེར་པེ་ལེ་ཉེ་འདབས་ནས་དམག་དོན་བློ་འདྲི་དང་མཐུན་སྦྱོར་ལྟེ་གནས་གཉིས་འཛུགས་རྒྱུ་ཡིན་པ་མ་ཟད། དབྱི་རག་གི་བྱང་ཕྱོགས་དང་ནུབ་ཕྱོགས། ལྷོ་ཕྱོགས་བཅས་ནས་དམག་དོན་སྦྱོང་བརྡར་བྱེད་ས་འགའ་བཙུགས་ཏེ། དབྱི་རག་གི་འཐབ་འཛིང་དམག་དཔུང་བཅུ་གཉིས་སྦྱོང་བརྡར་བྱེད་རྒྱུ་ཡིན། དེས་མི་ཚད་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་པས་ཀྱང་ཨ་མེ་རི་ཁ་དང་མཉམ་དུ་དབྱི་རག་དམག་དཔུང་གི་འཐབ་འཛིང་ནུས་པ་ཇེ་ཆེར་གཏོང་བར་རོགས་རམ་བྱེད་རྒྱུ་རེད་ཟེར།

ཁི་པེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་གཟའ་འཁོར་འགའི་ནང་དུ་སྦྱོང་བརྡར་ས་གནས་གཏན་ཁེལ་བྱེད་རྒྱུ་མ་ཟད། མནའ་གྲོགས་རྒྱལ་ཁབ་དང་མཉམ་དུ་སྦྱོང་བརྡར་བྱེད་ས་སོ་སོར་མངགས་པའི་དམག་དོན་མི་སྣའི་གྲངས་ཀ་གཏན་ཁེལ་བྱེད་རྒྱུ་ཡིན། ཨ་མེ་རི་ཁས་བལྟས་ན། དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་ཐོབ་རྗེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་ཤུགས་ཇེ་ཆེར་འགྲོ་ངེས་པར་འདོད་ཡོད་ཟེར།

མིག་སྔར་ཨ་མེ་རི་ཁས་དབྱི་རག་ལ་དམག་དོན་མི་སྣ་སྟོང་གཅིག་དང་བཞི་བརྒྱ་མངགས་ཡོད་ལ། ཐེངས་འདིར་མི་སྣ་ཁ་སྣོན་བྱེད་རྒྱུ་ཡིན་པ་དེས་དམག་དོན་མི་སྣ་ལྡབ་གཅིག་འཕར་རྒྱུ་ཡིན་པ་མཚོན་ཡོད། དེས་མི་ཚད་ཨོ་པ་མ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ཨ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་དྲུག་གི་འགྲོ་སོང་བཏང་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་པར་བཀོལ་རྒྱུའི་རེ་བ་ཞུས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག