མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་གྲོས་ཞུགས་ཁང་གི་འདེམ་བསྐོའི་ཁྲོད་སྤྱི་མཐུན་ཏང་ལ་རྒྱལ་ཁབ་ཐོབ་པ་དེས་ཕྱི་འབྲེལ་སྲིད་ཇུས་བཅོས་སྒྱུར་བྱེད་སྲིད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དུས་ཡུན་འབྲིང་བའི་འདེམ་བསྐོ་མཇུག་རྫོགས་པ་དང་། སྤྱི་མཐུན་ཏང་གི་ཁོངས་མི་སྟེ་གྲོས་ཞུགས་ཁང་ཉུང་ཤོས་ཏང་གི་གཙོ་འཛིན་མའེ་ཁང་ནའེ་ཨར་ལ་རྒྱལ་ཁབ་ཐོབ། ཐེ་ཝན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཚེས་དྲུག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕྱི་འབྲེལ་གྱི་ལངས་ཕྱོགས་དྲག་པོ་ཡིན་པའི་གྲོས་ཞུགས་པ་གསར་བ་མང་བོ་མའེ་ཁང་ནའེ་ཨར་དང་མཉམ་དུ་རྒྱལ་ཚོགས་ཀྱི་ཁོངས་མིའི་གྲས་སུ་ཚུད་པས། ཙུང་ཐུང་ཨོ་པ་མ་ཡི་ཕྱི་འབྲེལ་སྲིད་ཇུས་ལ་བཅོས་སྒྱུར་ཐེབས་སྲིད་ཟེར།

ཨོ་པ་མའི་རྒྱལ་ཁབ་བདེ་འཇགས་ཚོགས་པས་གཙོ་བོར་བཏོན་པའི་ཕྱི་འབྲེལ་དང་དམག་དོན་སྲིད་ཇུས་ལ་ཕན་ནུས་ཆུང་བའི་སྐྱོན་བརྗོད་ཐེབས་ལ། ཝུའུ་ཁི་ལན་གྱི་ཉམས་ཉེན་བྱུང་བ་དང་། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་བཙུགས། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་འགལ་བ་ཇེ་སྡུག་ཏུ་གྱུར་བ། ཁྲའོ་ཞན་དང་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐག་གཅོད་མ་ཐུབ་པ། ཀྲུང་གོ་དར་རྒྱས་སུ་ཕྱིན་ནས་ཨ་རི་དང་དཔུང་བ་མཉམ་གཤིབ་ཏུ་གྱུར་བ་སོགས་རྒྱལ་སྤྱིའི་གནས་བབ་དང་གནད་དོན་ལ་བརྟེན་ནས་ཨོ་པ་མ་ལ་ཡིད་ཆེས་ཉམས་ཉེན་བྱུང་བས། ཨ་མེ་རི་ཁའི་དུས་ཡུན་འབྲིང་བའི་འདེམ་བསྐོའི་འདེམ་ཤོག་མང་ཆེ་ཤོས་སྤྱི་མཐུན་ཏང་ལ་ཐོབ།

འདས་པའི་ལོ་གཉིས་ཀྱི་རིང་ལ། ཕོ་བྲང་དཀར་བོ་དང་རྒྱལ་ཚོགས་བར་དུ་སི་རི་ཡ་དང་ཝུའུ་ཁི་ལན་སོགས་ཀྱི་གནད་དོན་ཐད་ནས་རྩོད་གཞི་མཚམས་མ་ཆད་ལ། སྤྱི་མཐུན་ཏང་གིས་ཨོ་པ་མ་རྒྱལ་སྤྱིའི་ལས་དོན་ལ་ཞུགས་ཚད་ཉུང་བ་དང་། ཨ་མེ་རི་ཁའི་རྒྱལ་སྤྱིའི་ཤན་ཤུགས་ཇེ་ཆུང་དུ་སོང་བ་སོགས་ཀྱི་ཐད་ནས་ཨོ་པ་མ་ལ་སྐྱོན་བརྗོད་བྱས་ནའང་། གྲོས་ཞུགས་ཏང་གི་ཁོངས་མི་མང་ཆེ་ཤོས་ནི་དམངས་གཙོ་ཏང་གི་ཡིན་པས། སྤྱི་མཐུན་ཏང་ནི་ལག་པ་བསྲིང་འདོད་ཀྱི་ཕུ་ཐུང་ཐུང་བར་གྱུར་མོད། ད་ལྟ་གནས་ཚུལ་དེར་འགྱུར་བ་བྱུང་ཡོད།

ཕྱི་འབྲེལ་སྲིད་ཇུས་ཞེས་པའི་ཚགས་པར་སྟེང་བཀོད་པ་ལྟར་ན། སྤྱི་མཐུན་ཏང་གི་མི་སྣ་གཙོ་བོ་མའེ་ཁང་ནའེ་ཨར་དང་། གྲོས་ཞུགས་པ་གྲགས་ཅན་མའེ་ཁའེ་ཨིན། མི་འགྱང་བར་ཕྱི་འབྲེལ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་རྒྱུ་ཡིན་པའི་ཁོར་ཁི། གྲོས་ཞུགས་པ་གསར་བ་ཨིན་སི་ཐི་དང་ཁོ་ཏོན་བཅས་གྲོས་ཞུགས་པ་ལྔ་ཡིས་རྗེས་ཕྱོགས་ཕྱི་འབྲེལ་སྲིད་ཇུས་ཀྱི་འགན་ཁུར་རྒྱུ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་མཐུན་ཏང་གིས་ཕྱི་འབྲེལ་དང་དམག་དོན། གསང་འཕྲིན། ནོར་སྲིད་སོགས་ཨུ་ཡོན་ལྷན་ཁང་གལ་ཆེན་གྱི་གཏམ་བཤད་དང་ཁྲིམས་གཞིའི་རང་འགུལ་དབང་ཆ་ཡོངས་སུ་བཟུང་རྗེས། ཕོ་བྲང་དཀར་བོའི་སྔོན་ཆད་གཙོ་བོར་ལག་བསྟར་བྱེད་པའི་རྒྱལ་སྲུང་སྔོན་རྩིས་ཇེ་ཉུང་དུ་གཏོང་བ་དང་དམག་མི་མངགས་པའི་གྲོས་གཞི་སོགས་ལ་རྒྱལ་ཚོགས་ནས་བར་ཆད་ཐེབས་སྲིད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག