མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱིས་ཤར་ཕྱོགས་ས་ཁུལ་གྱི་མཐའ་མཚམས་བཀག་སྡོམ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-08 13:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་སྲིད་གཞུང་གིས་ཚེས་དྲུག་ཉིན་བསྒྲགས་རྒྱུར། ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་བྱེད་ས་ནས་ལམ་ཡིག་ཞིབ་བཤེར་སོགས་ཀྱི་མཐའ་མཚམས་ཞིབ་བཤེར་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་། མི་སུ་ཡིན་ཡང་ས་དེ་ནས་འགྲོ་ན་ངེས་པར་དུ་ལམ་ཡིག་སྟོན་དགོས་ཟེར།

འདི་ནི་ཝུའུ་ཁི་ལན་སྲིད་གཞུང་གིས་ཉིན་གཉིས་ཀྱི་རིང་ལ་སྤྱད་པའི་ཤར་ཕྱོགས་ཀྱི་རང་སྐྱོང་མངའ་སྡེ་གཉིས་དང་ས་ཁུལ་གཞན་པའི་འབྲེལ་ལམ་གཅོད་འདོད་པའི་ཐབས་ཤེས་གཉིས་པ་རེད།

ཝུའུ་ཁི་ལན་མཐའ་སྲུང་སྡེ་ཁག་གིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཝུའུ་ཁི་ལན་སྤྱི་དམངས་ཀྱིས་མཐའ་སྲུང་མི་སྣར་ལམ་ཡིག་བསྟན་རྗེས་ད་གཟོད་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་བྱེད་ས་ནས་སོང་ཆོག་ལ། ཕྱི་གླིང་བ་ཡིན་ཚེ་ཞིབ་བཤེར་ས་ཚིགས་ནས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་ས་ཁུལ་དུ་འགྲོ་བའི་དམིགས་འབེན་བཤད་པ་དང་ཡང་ན་ལམ་ཡིག་བསྟན་རྗེས་ད་གཟོད་སོང་ཆོག་ཟེར།

མཐའ་སྲུང་དཔོན་རིགས་ཀྱིས་བཤད་རྒྱུར། ལམ་ཡིག་ཞིབ་བཤེར་སྒྲིག་སྲོལ་དེ་སྲིད་གཞུང་གིས་གཏན་ཁེལ་བྱས་པའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཡུལ་ནས་ལག་བསྟར་བྱེད་རྒྱུ་ཡིན་ཟེར་མོད། ཡིན་ནའང་དཔོན་ཕྱོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཡུལ་གྱི་ས་ཁོངས་ཞིབ་ཅིང་ཕྲ་བ་གསལ་བོར་བཤད་མེད།

ཧྥ་རན་སིའི་གསར་འགྱུར་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། མངའ་ཁོངས་ནང་གི་དམིགས་བསལ་གྱི་ས་ཁོངས་ལ་མཐའ་མཚམས་ཞིབ་བཤེར་བྱེད་པ་དེས། ཝུའུ་ཁི་ལན་སྲིད་གཞུང་གིས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་ས་ཁུལ་ལ་བཀག་སྡོམ་བྱས་ཏེ། དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་ས་ཁུལ་དང་ཝུའུ་ཁི་ལན་གྱི་ས་ཁུལ་གཞན་པའི་བར་དུ་སྔར་ལས་དངོས་གཞི་ཡིན་པའི་མཐའ་མཚམས་ཤིག་བགར་འདོད་ཡོད་པ་མཚོན་ཡོད་ཟེར།

ཡིན་ནའང་མཐའ་སྲུང་དཔོན་རིགས་ཁ་ཤས་ཀྱིས་བཤད་རྒྱུར། བྱེད་ཐབས་དེས་ཝུའུ་ཁི་ལན་སྲིད་གཞུང་གིས་ཤར་ཕྱོགས་ས་ཁུལ་བསྐྱུར་འདོད་པ་མི་མཚོན་པར། སྲིད་གཞུང་གིས་འགོག་སྲུང་ལ་ཤུགས་བསྣན་ཏེ། མུ་མཐུད་དུ་དམངས་ཁྲོད་དྲག་ཆས་རྩ་འཛུགས་ལ་འཐབ་འཁྲུག་རྒྱག་འདོད་པ་མཚོན་ཡོད་ཟེར།

ཝུའུ་ཁི་ལན་མཐའ་སྲུང་ལས་ཁུངས་ཀྱི་དཔོན་རིགས་ཨ་སི་ཐ་ཧོ་ཧྥུའུ་ཡིས་བཤད་རྒྱུར། འདི་ནི་ཝུའུ་ཁི་ལན་གྱི་མངའ་ཁོངས་ཡིན་མོད། ཡིན་ནའང་དྲག་ཆས་མི་སྣས་གནས་སྐབས་སུ་ས་འདི་ལ་ཚོད་འཛིན་བྱས་ཡོད་པས། ང་ཚོས་ངེས་པར་དུ་དགོས་ངེས་ཀྱི་དོ་དམ་བྱེད་དགོས་ཟེར།

ཨ་སི་ཐ་ཧོ་ཧྥུའུ་ཡིས་བཤད་རྒྱུར། སྲིད་གཞུང་གིས་མཐའ་མཚམས་བཀག་སྡོམ་བྱེད་ཐབས་སྤྱོད་པའི་དམིགས་ཡུལ་གཞན་ཞིག་ནི། དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཚོད་འཛིན་ས་ཁུལ་དུ་ཡོད་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ནས། ལུས་ལ་མཚོན་ཆ་སྤྲས་པའི་ཨུ་རུ་སིའི་མི་ཁ་ཤས་གང་འདོད་དུ་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོང་བཞིན་ཡོད་ལ། ཝུའུ་ཁི་ལན་སྲིད་གཞུང་གིས་བཀག་སྡོམ་བྱེད་ཐབས་སྤྱད་རྗེས། ཨུ་རུ་སིའི་མི་དེ་དག་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་ཡུལ་མ་ཡིན་པའི་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཡོང་མི་ཐུབ་པའི་རྐྱེན་ཡིན་ཟེར།

ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚའེ་ཉི་ཁི་ཡིས་ཚེས་ལྔ་ཉིན་ཤར་ཕྱོགས་ཀྱི་ཏོན་ཉེ་ཚིས་ཁི་མངའ་སྡེ་དང་ལུའུ་ཀན་སི་ཁི་མངའ་སྡེ་ལ་ནོར་སྲིད་རྒྱབ་སྐྱོར་དང་ཁ་གསབ་བྱེད་མཚམས་བཞག་སྟེ། ས་དེ་གཉིས་ཀྱིས་མུ་མཐུད་འཇིགས་སྐུལ་མི་སྣར་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པར་བཀག་འགོག་བྱེད་རྒྱུ་ཡིན་ཞེས་བསྒྲགས། ཡིན་ནའང་སྲིད་གཞུང་གིས་ཤར་ཕྱོགས་མངའ་སྡེ་གཉིས་ལ་རང་བྱུང་སོལ་རླངས་དང་གློག་ཤུགས་མུ་མཐུད་འདོན་སྤྲོད་བྱས་ཏེ། མང་ཚོགས་ཕལ་བའི་དགུན་ཁའི་འཚོ་བར་ཤན་ཤུགས་ཐེབས་ནས། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་འབྱུང་བར་བཀག་འགོག་བྱེད་རྒྱུ་རེད།

ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁི་ཡིས་ཚེས་བཞི་ཉིན་ཤར་ཕྱོགས་ཀྱི་མངའ་སྡེ་གཉིས་ཀྱི་དམིགས་བསལ་གོ་གནས་བཅའ་ཁྲིམས་མེད་པར་བཏང་སྟེ། དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཤར་ཕྱོགས་ས་ཁུལ་ནས་སྤེལ་བའི་འདེམ་བསྐོ་རྫུན་མར་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བསྒྲགས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག