མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁོང་ཀོ་ཅིན་ཤར་ཕྱོགས་ཀྱི་དྲག་ཆས་རྩ་འཛུགས་ཆམ་ཕབ་གཏོང་བར་གྲ་སྒྲིག་བཟང་བོ་བྱེད་རྒྱུའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-06 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་ཀོ་ཅིན་དུ་སྡོད་པའི་བདེ་སྲུང་དམག་དཔུང་དང་ཁོང་ཀོ་ཅིན་སྲིད་གཞུང་གིས་འགུལ་སྐྱོད་འཆར་གཞི་གསར་བ་བཀོད་ནས། སང་ལོའི་ལོ་འགོར་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་འགུལ་སྐྱོད་བྱེད་བཞིན་པའི་རུ་ཝང་ཏའི་སྲིད་གཞུང་ངོ་རྒོལ་དྲག་ཆས་རྩ་འཛུགས་ལ་དམག་དོན་ཆམ་ཕབ་གཏོང་བར་གྲ་སྒྲིག་བྱེད་རྒྱུའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཉིན་དེར་ཀྲུའུ་ཞིའི་གསལ་སྒྲོག་ཅིག་ལ་གྲོས་འཆམ་བྱུང་ནས། རུ་ཝང་ཏའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་བཅིངས་འགྲོལ་དམངས་གཙོ་སྟོབས་ཤུགས་ཞེས་པ་དེས་རང་འགུལ་གྱིས་མཚོན་ཆ་བཀོལ་མཚམས་འཇོག་པའི་གནས་ཚུལ་གྱི་འཕེལ་རིམ་དལ་བར་སེམས་ཁུར་ཆེན་པོ་བྱས། གསལ་སྒྲོག་ནང་དུ་རང་འགུལ་སྒོས་མཚོན་ཆ་བཀོལ་མཚམས་འཇོག་པའི་དུས་བཅད་ནི་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཚེས་གཉིས་ཉིན་ལ་གཏན་ཁེལ་བྱས་ཡོད་པ་དེ་རྗེས་སུ་བསྣུར་མི་རུང་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་ཀོ་ཅིན་གཏན་འཇགས་ཆེད་མངགས་ཚོགས་པ་དང་ཁོང་ཀོ་ཅིན་སྲིད་གཞུང་གིས་ཆེས་འཕྱི་ནའང་ཟླ་དང་པོ་ནས་བཟུང་རྩ་འཛུགས་དེར་དམག་དོན་ཆམ་ཕབ་གཏོང་དགོས་ཞེས་བཤད་ཡོད།

གསལ་སྒྲོག་ནང་དུ་རུ་ཝང་ཏའི་བཅིངས་འགྲོལ་དམངས་གཙོ་སྟོབས་ཤུགས་ཞེས་པ་དེའི་ཁོངས་མི་གཅིག་སྟོང་དགུ་གོ་བཞི་ལོར་རུ་ཝང་ཏའི་རིགས་རྒྱུད་དམར་གསོད་ཆེན་པོའི་ཁྲོད་དུ་ཞུགས་མྱོང་ལ། ད་ལྟ་ད་དུང་མུ་མཐུད་དུ་རུ་ཝང་ཏ་དང་ཁོང་ཀོ་ཅིན་ན་རིགས་རྒྱུད་དམར་གསོད་སོགས་ཀྱི་འགུལ་སྐྱོད་སྤེལ་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་ཁུལ་དེས་དྲག་ཆས་རྩ་འཛུགས་དེར་རྒྱབ་སྐྱོར་ཅི་ཡང་མི་བྱེད་རྒྱུ་དང་། འཐབ་འཁྲུག་གི་ནག་ཉེས་དང་རིགས་རྒྱུད་རྩ་རྫོགས་ཀྱི་ནག་ཉེས་བཟོས་པའི་མི་སྦས་བསྐུང་མི་བྱེད་པ་དང་དེར་སྲུང་སྐྱོབ་མི་བྱེད་རྒྱུའི་འབོད་སྐུལ་བཏང་ཡོད།

གསལ་སྒྲོག་ནང་དུ་ཝུའུ་ཀན་ཏའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་དམངས་གཙོ་མནའ་འབྲེལ་དམག་དཔུང་ཞེས་པ་དེས་ཉེ་སྔོན་ཁོང་ཀོ་ཅིན་ཤར་ཕྱོགས་ཀྱི་པེ་ཉི་ནས་མི་སེར་མང་བོ་བསད་པར་རྒོལ་གཏམ་དྲག་པོ་བཏང་།

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར། པེ་ཉི་གྲོང་ཁྱེར་ཉེ་འདབས་ནས་མི་སེར་ལ་དམིགས་པའི་དྲག་ཆས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག ས་དེའི་སྤྱི་ཚོགས་ཀྱིས་འཇབ་རྒོལ་དེ་ནི་ཝུའུ་ཀན་ཏའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་དམངས་གཙོ་མནའ་འབྲེལ་དམག་དཔུང་ཞེས་པ་དེས་བཟོས་པར་འདོད་ཡོད།

རུ་ཝང་ཏའི་བཅིངས་འགྲོལ་དམངས་གཙོ་སྟོབས་ཤུགས་ཞེས་པ་དེས་ཁོང་ཀོ་ཅིན་ཤར་ཕྱོགས་ནས་ལོ་ཉི་ཤུ་ལ་འགུལ་སྐྱོད་སྤེལ་བ་དང་། ས་ཁུལ་དེ་བདེ་འཇགས་མིན་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། རྩ་འཛུགས་དེས་རུ་ཝང་ཏའི་མངའ་ཁོངས་ནས་འཇབ་རྒོལ་དོན་རྐྱེན་མང་བོ་བསླངས་མྱོང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཁོང་ཀོ་ཅིན་གནད་དོན་གྱི་དམིགས་བསལ་འཐུས་མི་ཁི་པུའུ་ལེ་ཡིས་ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གནས་ཚུལ་སྙན་ཞུ་བྱས་ཏེ། རུ་ཝང་ཏའི་བཅིངས་འགྲོལ་དམགས་གཙོ་སྟོབས་ཤུགས་ཀྱི་ཁོངས་མིའི་ལག་ནས་མཚོན་ཆ་ལེན་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཁོང་ཀོ་ཅིན་གཏན་འཇགས་ཚོགས་པའི་ལས་འགན་གཙོ་བོ་ཡིན་ལ། རྩ་འཛུགས་དེས་རང་འགུལ་སྒོས་མཚོན་ཆ་བསྐྱུར་བའི་མཇུག་མཐའི་དུས་བཅད་གཏན་ཁེལ་བྱས་རྗེས། དྲག་ཆས་རྩ་འཛུགས་དེ་ལ་ཆམ་ཕབ་གཏོང་བ་དེར་གཡོལ་ཐབས་མེད་ཅེས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག