མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པ་མ་ཡིས་རྒྱལ་ཚོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམག་དོན་ཆམ་ཕབ་གཏོང་བར་གསར་དུ་ཆོག་མཆན་འགོད་རྒྱུར་རེ་བ་བྱེད་བཞིན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-06 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། ཁོས་རྒྱལ་ཚོགས་ཀྱིས་དམག་དོན་སྟོབས་ཤུགས་བཀོལ་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་ཆམ་ཕབ་གཏོང་བར་གསར་དུ་ཆོག་མཆན་འགོད་རྒྱུར་རེ་བ་བྱེད་བཞིན་ཡོད་ཟེར།

ཨོ་པ་མ་ཁོངས་སུ་གཏོགས་པའི་དམངས་གཙོ་ཏང་གིས་ཚེས་བཞི་ཉིན་དུས་རིམ་འབྲིང་བའི་འདེམ་བསྐོའི་ཁྲོད་ཕམ་ཁ་མྱངས། སྤྱི་མཐུན་ཏང་ལ་རྒྱལ་ཚོགས་གྲོས་ཞུགས་ཁང་གི་ཚོད་འཛིན་དབང་ཆ་ཐོབ་པ་དང་མཉམ་དུ། དམངས་གྲོས་ཁང་གི་གོ་གནས་མང་བོ་སྲུང་འཛིན་བྱས། ཨོ་པ་མ་ཡིས་ཚེས་ལྔ་ཉིན་ཕོ་བྲང་དཀར་བོ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཆམ་ཕབ་གཏོང་བའི་ཆོག་མཆན་གསར་བ་བརྩོན་ལེན་བྱེད་རྒྱུ་དེ་རང་གིས་ཉེ་ལམ་རྒྱལ་ཚོགས་བར་དུ་མཉམ་ལས་བྱ་རྒྱུའི་དམིགས་འབེན་གསུམ་ནང་གི་གཅིག་ཏུ་བཀོད།

ཨོ་པ་མ་ཡིས་བཤད་རྒྱུར། འཛམ་གླིང་གིས་ཨ་མེ་རི་ཁའི་རྒྱལ་ནང་དུ་ཐལ་སྤྱོད་རྩ་འཛུགས་ཆམ་ཕབ་གཏོང་བའི་གནད་དོན་ཐད་ནས་མཐུན་འགྲིག་གཅིག་གྱུར་ཡིན་པ་ཤེས་དགོས་ལ། འགུལ་སྐྱོད་ཁྲོད་ཞུགས་པའི་ཨ་མེ་རི་ཁའི་དམག་མི་ལ་ཡང་གཅིག་གྱུར་གྱི་རྒྱབ་སྐྱོར་གསལ་བོ་དགོས། དེས་མི་ཚད་ཆོག་མཆན་གསར་བ་དེས་དེང་སྐབས་ཀྱི་འཐབ་འཁྲུག་གི་དགོས་མཁོར་བསྟུན་དགོས་པ་དང་། ཆམ་ཕབ་འགུལ་སྐྱོད་དེ་ཟླ་གཉིས་གསུམ་ཙམ་གྱི་དོན་དག་ཅིག་མིན་ཟེར།

ཨོ་པ་མ་ཡིས་ད་དུང་ད་ལྟ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ལ་རྒྱལ་ཁ་ཐོབ་ཡོད་མེད་གླེང་ན་སྔ་དྲགས་ཡོད། ཨ་མེ་རི་ཁ་དང་མནའ་གྲོགས་རྒྱལ་ཁབ་ཀྱི་དེང་སྐབས་ཀྱི་དམིགས་འབེན་ཆེས་གཙོ་བོ་ནི་ཐལ་སྤྱོད་རྩ་འཛུགས་དེ་དབྱི་རག་ནས་བདའ་རྒྱུ་དང་། ཐལ་སྤྱོད་རྩ་འཛུགས་དེས་སི་རི་ཡ་ལ་མཚོན་ཆ་དང་འཐབ་མོ་བ་སྐྱེལ་བའི་ནུས་པ་ཇེ་ཆུང་དུ་བཏང་ནས། མཇུག་མཐར་དབྱི་རག་དང་སི་རི་ཡའི་མཐའ་མཚམས་བསྐྱར་འཛུགས་བྱེད་རྒྱུ་དེ་ཡིན་ཞེས་ཉེན་བརྡ་བཏང་།

ད་ལོའི་ཟླ་དྲུག་པའི་ཟླ་མཇུག་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་རང་གིས་ཚོད་འཛིན་བྱས་པའི་དབྱི་རག་དང་སི་རི་ཡའི་མངའ་ཁོངས་ནས་དབྱི་སི་ལན་གྱི་རྒྱལ་ཁབ་ཅིག་འཛུགས་རྒྱུ་ཡིན་ཞེས་བསྒྲགས། ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ནས་བཟུང་ཨ་མེ་རི་ཁའི་འཐབ་འཛིང་གནམ་གྲུས་དབྱི་རག་ན་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་མགོ་བརྩམས་པ་མ་ཟད། ཟླ་དགུ་བར་བར་སྣང་འཇབ་རྒོལ་གྱི་ཁྱབ་ཁོངས་དེ་སི་རི་ཡ་རུ་རྒྱ་བསྐྱེད། ཨོ་པ་མ་སྲིད་གཞུང་གིས་སྐབས་དེར་དམག་དོན་འགུལ་སྐྱོད་སྤེལ་བའི་གཞི་འཛིན་ས་ནི་དབྱི་རག་སྲིད་གཞུང་གིས་གདན་འདྲེན་ཞུས་པ་དང་ཨ་མེ་རི་ཁའི་རྒྱལ་ཚོགས་ཉིས་སྟོང་གཅིག་ལོར་གྲོས་འཆམ་བྱུང་བའི་འཇིགས་སྐུལ་ངོ་རྒོལ་བཅའ་ཁྲིམས་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག