མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་འགྲོ་མིའི་ཐོབ་ཐང་གནད་དོན་དང་ཉིང་རྡུལ་གནད་དོན་ཐད་ནས་ཨ་མེ་རི་ཁར་གྲོས་མོལ་མི་བྱེད་ཅེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-05 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཕྱི་དོན་ལས་ཁུངས་ཀྱི་མགྲིན་ཚབ་པས་ཚེས་བཞི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་འགྲོ་མིའི་ཐོབ་ཐང་གནད་དོན་ལ་བརྟེན་ནས་ཁྲའོ་ཞན་ལ་དཀའ་ཁག་ལ་གཏད་པས། ཁྲའོ་ཞན་གྱིས་འགྲོ་མིའི་ཐོབ་ཐང་གནད་དོན་དང་ཉིང་རྡུལ་གནད་དོན་ཐད་ནས་ཨ་མེ་རི་ཁར་གྲོས་མོལ་མི་བྱེད་ཟེར།

 མགྲིན་ཚབ་པ་དེས་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་སོགས་དཔོན་རིགས་ཀྱིས་ཁྲའོ་ཞན་ལ་འགྲོ་མིའི་ཐོབ་ཐང་གི་གནད་དོན་ཐད་ནས་མ་ཉེས་ཁ་གཡོགས་དང་ཉེས་མེད་ཉེས་འགེལ་བྱས། རང་གིས་བློར་མི་འབབ་པའི་རྒྱལ་ཁབ་ལ་འགྲོ་མིའི་ཐོབ་ཐང་གནད་དོན་གྱི་ཉེས་པ་འགེལ་བ་དང་། རྒྱལ་ཁབ་དེ་ཟང་ཟིང་དུ་འགྱུར་བ་དང་སིལ་བུར་འཐོར་བར་རོགས་བྱས་ཏེ། མཇུག་མཐར་ཁ་དོག་གསར་བརྗེ་དང་ཡང་ན་ཞི་བདེའི་དུས་འགྱུར་ལ་བརྟེན་ནས་རྒྱལ་ཁབ་དེའི་ལམ་ལུགས་རྩ་རྫོགས་བྱེད་པ་ནི། ཨ་མེ་རི་ཁས་ནམ་ཡང་བཀོལ་བཞིན་པའི་བྱེད་ཐབས་ཡིན་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཉིས་སྟོང་ལྔ་ལོར་ཁྲའོ་ཞན་དང་ཨ་མེ་རི་ཁས་དགུ་བའི་བཅུ་དགུའི་ཐུན་མོང་གསལ་སྒྲོག་ནང་དུ་ཕན་ཚུན་གྱི་བདག་དབང་ལ་བརྩི་བཀུར་བྱས་ཏེ་ཞི་བདེ་མཉམ་གནས་བྱེད་པར་འཐད་པ་བྱུང་ལ། འདི་ནི་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བྱེད་པའི་རྨང་གཞི་ཡིན། སྐབས་སྔོན་མའི་སྲིད་གཞུང་དག་དང་མི་འདྲ་བར། ཨ་མེ་རི་ཁའི་ད་ལྟའི་སྲིད་གཞུང་གིས་འགྲོ་མིའི་ཐོབ་ཐང་གི་གནད་དོན་ལ་བརྟེན་ནས་ཁྲའོ་ཞན་རྒྱལ་ཁབ་དང་ཁྲའོ་ཞན་གྱི་ལམ་ལུགས་དང་སྲིད་ཇུས་རྩ་རྫོགས་བྱེད་འདོད་པ་འདི་ནི། དགུ་བའི་བཅུ་དགུའི་ཐུན་མོང་གསལ་སྒྲོག་གི་ནང་དོན་སྣང་མེད་དུ་བཞག་པ་ཞིག་རེད་ཟེར།

མགྲིན་ཚབ་པ་དེས་ཨ་མེ་རི་ཁས་དམ་བཅའ་བརྩི་སྲུང་མ་བྱས་པས། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བྱེད་རྒྱུ་དེ་ཡང་ཁྲའོ་ཞན་ལ་མཚོན་ན་དོན་སྙིང་ཅི་ཡང་མེད་པའི་བྱ་བ་ཞིག་རེད་ཅེས་བཤད།

ཟླ་བཅུ་བར། ཁྲའོ་ཞན་འགྲོ་མིའི་ཐོབ་ཐང་ཞིབ་འཇུག་མཐུན་ཚོགས་ཀྱི་མགྲིན་ཚབ་པས་གཏམ་བཤད་སྤེལ་ནས། ཁྲའོ་ཞན་གྱིས་བསྒྲགས་པའི་རྒྱལ་ཁབ་རང་གི་འགྲོ་མིའི་ཐོབ་ཐང་སྙན་ཞུས་ཁྲའོ་ཞན་རྒྱལ་ནང་གི་འགྲོ་མིའི་ཐོབ་ཐང་གི་གནས་ཚུལ་ཡང་དག་པར་མཚོན་ཡོད་ཅེས་བཤད་པ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་དང་འཇར་པན་གྱིས་མ་ཡིག་བྲིས་པ་མ་ཟད་མཉམ་འབྲེལ་རྒྱལ་ཚོགས་ནང་ཁུལ་དུ་བརྒྱུད་ལྟ་བྱས་པའི་ཁྲའོ་ཞན་གྱི་འགྲོ་མིའི་ཐོབ་ཐང་གི་གྲོས་ཆོད་འཆར་ཟིན་ལ་རྒོལ་གཏམ་དྲག་པོ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག