མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་ཀྱིས་དབྱི་ལང་གིས་ཉིང་རྡུལ་མཚོན་ཆའི་རྫས་མང་བོ་ཨུ་རུ་སི་ལ་དྲུད་ནས་ཐག་གཅོད་རྒྱུ་རེད་ཅེས་བསྒྲགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-05 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཉིན་ཡའོ་དུས་སྐབས་ཚགས་པར་དྲ་ཚིགས་ཀྱིས་ཚེས་གསུམ་ཉིན་དབྱི་རག་ཉིང་རྡུལ་གྲོས་མོལ་ལ་ཞུགས་པའི་དཔོན་རིགས་ཀྱི་སྐད་ཆ་དྲངས་པ་ལྟར་ན། གལ་ཏེ་ནུབ་ཕྱོགས་བར་དུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་བཀོད་ཚེ། དབྱི་ལང་གིས་ཉིང་རྡུལ་མཚོན་ཆའི་རྫས་མང་བོ་ཨུ་རུ་སི་ལ་དྲུད་དེ་ཐག་གཅོད་པར་འཐད་པ་ཅུང་ཙམ་བྱུང་ཡོད་ཟེར། དབྱེ་ཞིབ་མི་སྣས་གལ་ཏེ་གནས་ཚུལ་དེ་བདེན་པ་ཡིན་ཚེ་དབྱི་ལང་གནད་དོན་གྱི་ཐོལ་བརྒལ་གསར་བ་ཞིག་ཡིན་པར་དོགས་པ་ཅི་ཡང་མེད་ཟེར། ད་སྔ་དབྱི་ལང་དཔོན་ཕྱོགས་ཀྱིས་དེར་ལན་ཅི་ཡང་བཏབ་མེད།

བསྒྲགས་པའི་གནས་ཚུལ་ལྟར་ན། འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས། ཨུ་རུ་སི་ཡིས་དབྱི་ལང་གི་པུའུ་ཧྲིར་ཉིང་རྡུལ་གློག་འདོན་ས་ཚིགས་ལ་རོགས་རམ་བྱས་ཏེ། ཉིང་རྡུལ་མཚོན་ཆའི་རྫས་ཡུག་ཟེར་བ་དེ་དམིགས་བསལ་གྱི་འབར་རྫས་ཤིག་ཏུ་བསྒྱུར་རྒྱུ་ཡིན་ལ། ཡུག་ཟེར་བ་དེ་འབར་རྫས་སུ་བསྒྱུར་རྗེས་ཉིང་རྡུལ་མཚོན་ཆ་བཟོ་བར་བཀོལ་དཀའ་ཟེར། གྲོས་ཆོད་དེས་དབྱི་ལང་གིས་ཉིང་རྡུལ་མཚོན་ཆ་བཟོ་བར་གཏན་འགོག་བྱེད་མི་ཐུབ་ནའང་། ཚད་ངེས་ཅན་ཞིག་གི་སྟེང་ནས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དོགས་གཞི་སེལ་ཐུབ།

 དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་ཀྱིས་ན་ནིང་གི་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་དུས་རིམ་རང་བཞིན་གྱི་གྲོས་ཆོད་བཀོད་དེ། དབྱི་ལང་གིས་ཉིང་རྡུལ་མཚོན་ཆའི་རྫས་ལས་པའི་བྱ་འགུལ་ལ་ཚོད་འཛིན་བྱས་ཏེ། བཀག་སྡོམ་ཁ་ཤས་ཇེ་ལྷོད་དུ་གཏོང་དུ་འཇུག་པར་འཐད་པ་བྱུང་། གྲོས་ཆོད་དེ་ད་ལོའི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས་ནས། ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་ལག་བསྟར་གྱི་དུས་ཚོད་ལོངས་མོད། ཡིན་ནའང་ཕྱོགས་གཉིས་ཀྱིས་གཏན་ཁེལ་བྱས་པའི་དུས་ཚོད་ནང་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་མ་ཐུབ་པས། གྲོས་ཆོད་དེ་ལག་བསྟར་བྱེད་པའི་དུས་ཚོད་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་བར་རྗེས་ལ་བསྣུར།

 དབྱེ་ཞིབ་མི་སྣས་གྲོས་ཆོད་དེ་ལག་བསྟར་བྱེད་མཚམས་འཇོག་པའི་དུས་ཚོད་ཐོན་ལ་ཉེ་ནའང་། དབྱི་ལང་དང་དབྱི་ལང་གནད་དོན་གྱི་ཕྱོགས་དྲུག་བར་དུ་གནད་དོན་གཙོ་བོའི་ཐད་ནས་ད་དུང་རྩོད་གཞི་ཅུང་ཆེ་བར་འདོད།

 ཉིང་རྡུལ་གྲོས་མོལ་ལ་ཞུགས་པའི་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་གལ་ཏེ་དབྱི་ལང་དང་ཨུ་རུ་སིའི་གྲོས་ཆོད་དོན་ཐོག་ཏུ་འཁྱོལ་ཚེ། དེར་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཟེར། ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དཔོན་རིགས་ཤིག་གིས་ཚེས་གསུམ་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་དབྱི་ལང་ཉིང་རྡུལ་གྲོས་མོལ་ཁྲོད་ནུས་པ་ཅུང་ཆེན་པོ་བཏོན་པ་དང་། རྒྱལ་ཁབ་གཞན་པ་དང་མཉམ་དུ་ཇུས་གཞི་བཏོན་ནས། དབྱི་ལང་ལ་ཉིང་རྡུལ་མཚོན་ཆ་མེད་པར་བྱེད་པར་འབད་བརྩོན་བྱས་ཟེར།

 དབྱེ་ཞིབ་མི་སྣས་བཤད་རྒྱུར། ཨུ་རུ་སི་ཡིས་དབྱི་ལང་གི་ཉིང་རྡུལ་མཚོན་ཆའི་རྫས་ཐག་གཅོད་པར་རོགས་རམ་བྱེད་པ་དེར་དཔལ་འབྱོར་གྱི་ཐད་ནས་བལྟས་ན། དབྱི་ལང་གིས་དེའི་ཆེད་དུ་ཨུ་རུ་སི་ལ་འགྲོ་སོང་འབོར་ཆེན་གཏོང་དགོས་པ་དང་། ཕྱོགས་གཉིས་བར་གྱི་མཉམ་ལས་སྲ་བརྟན་དུ་གཏོང་བར་ཡང་ཕན་པ་ཡོད།

ཆབ་སྲིད་ཀྱི་ཐད་ནས་བལྟས་ན། བྱེད་ཐབས་དེ་དང་བསྟུན་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱི་དབྱི་ལང་ཉིང་རྡུལ་གྲོས་མོལ་ཁྲོད་ཀྱི་གོ་གནས་སྔར་ལས་གལ་ཆེན་དུ་གྱུར་ནས། ཁོར་མ་འོངས་པར་དབུས་ཤར་གནས་བབ་ཐད་ནས་སྐད་ཆ་མང་བོ་བཤད་པའི་དབང་ཆ་ཡོད་པར་འགྱུར་སྲིད་ཟེར།

 དབྱི་ལང་གི་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལང་དང་དབྱི་ལང་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་གིས་ཚེས་བཅུ་གཅིག་ཉིན་ཨ་མན་གྱི་རྒྱལ་ས་མཱ་སི་ཁཱ་ཐི་ནས་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག