མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་བུད་མེད་དང་བྱིས་པ་དང་བཅས་པའི་དབྱི་རག་གི་ཚོ་ཁག་ཁོངས་མི་ཉིས་བརྒྱ་ལྷག་དམར་གསོད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-04 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་དཔོན་རིགས་དང་ཚོ་ཁག་གི་ཚོ་དཔོན་ཞིག་གིས་ཚེས་གཉིས་ཉིན་བཤད་རྒྱུར། ཉེ་བའི་ཉིན་འདི་འགར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་དབྱི་རག་གི་ཚོ་ཁག་ཅིག་གི་ཁོངས་མི་ཉིས་བརྒྱ་ལྷག་བསད་པ་དང་། ཚོ་ཁག་དེས་རྒྱུན་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འཐབ་འཁྲུག་རྒྱག་བཞིན་ཡོད་ཟེར།

མིང་ལ་ཨ་ཨར་པུའུ་ཉེ་མུས་ཨར་ཟེར་བའི་ཚོ་ཁག་དེ་ནི་ཞུང་ཉི་ཕྱོགས་ཁག་གི་ཁོངས་སུ་གཏོགས་པ་དང་། དབྱི་རག་ནུབ་ཕྱོགས་ཀྱི་ཨན་པ་ཨར་ཞིང་ཆེན་དུ་ཡོད།

དབྱི་རག་གི་ཉེན་རྟོག་དཔོན་པོ་ཧྲ་པན་ཨོ་པེ་ཏེ་ཡིས་གསར་འགྱུར་ལས་ཁུངས་ལ་ཚོ་ཁག་དེའི་ཁོངས་མི་ཉིས་བརྒྱ་ལྷག་དམར་གསོད་བྱས་ཞེས་བཤད་མོད། ཡིན་ནའང་ཨན་པ་ཨར་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཨེ་སཱ་ཝེ་ཡིས་དམར་གསོད་བྱེད་པའི་མི་གྲངས་ཉིས་བརྒྱ་དང་ང་བརྒྱད་ལ་འབུད་ཟེར།

ཨེ་སཱ་ཝེ་ཡིས་བཤད་རྒྱུར། འདས་པོའི་ནང་དུ་བུད་མེད་དང་བྱིས་པ་ཡོད་ལ། དེ་དག་ནི་ཨ་ཨར་པུའུ་ཉེ་མུས་ཨར་ཚོ་ཁག་གི་རེད་ཟེར། ཁོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་འདས་པའི་ཉིན་གསུམ་གྱི་ནང་བསྟུད་མར་ཚོ་ཁག་གི་ཁོངས་མི་དེ་དག་བསད་པ་རེད་ཟེར།

ཨེ་སཱ་ཝེ་ཡིས་བཤད་རྒྱུར། མི་སུ་ཡིན་རུང་ཐོབ་ཐང་དཔང་ཡིག་སྟེང་དུ་ཚོ་ཁག་དེའི་རུས་བྲིས་ཡོད་ན། དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཐལ་སྤྱོད་རྩ་འཛུགས་ཀྱི་དམར་གསོད་བྱེད་ཡུལ་དུ་འགྱུར་ངེས་ཟེར།

ཚོ་ཁག་དེའི་ཚོ་དཔོན་ནཱ་དབྱི་མུའུ་ཁུའུ་ཝུའུ་ཏི་ཡིས་བཤད་རྒྱུར། ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་ནས་ད་བར་དུ། ཚོ་ཁག་དེའི་ཁོངས་མི་སུམ་བརྒྱ་དང་གྱ་གཅིག་དམར་གསོད་བྱས་ཟེར།

མིག་སྔར། མཉམ་འབྲེལ་དྲ་ཚིགས་སྟེང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོ་ཁག་དེའི་ཁོངས་མི་དམར་གསོད་བྱེད་པའི་པར་རིས་སྐོར་ཞིག་བཀྲམས་ཡོད་མོད། ཡིན་ནའང་པར་རིས་དེ་དག་ངོ་མ་ཡིན་མིན་བདེན་དཔང་བྱེད་དཀའ།

དེའི་ནང་གི་པར་རིས་ཤིག་གི་སྟེང་། མི་སེར་གྱི་ལྭ་གོན་པའི་སྐྱེས་པ་སུམ་ཅུ་ལྷག་གྲལ་ཤར་གཅིག་ཏུ་སྒྲིག་ཏུ་བཅུག་རྗེས། སྲང་ལམ་ནས་དམར་གསོད་བྱེད་བཞིན་ཡོད་ལ། མི་དེ་དག་གི་ལག་པ་གཉིས་རྒྱབ་ཏུ་བཀྱིགས་ཡོད་པ་དང་ལྷམ་གཡོན་མེད། མི་ཁ་ཤས་ཀྱི་མིག་ཟུང་ཡང་རས་ཀྱིས་བཏུམས་ཡོད།

ད་ལྟ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨན་པ་ཨར་ཞིང་ཆེན་གྱི་ས་ཆ་མང་བོ་བདག་ཏུ་བཟུང་ཡོད། ཉེ་བའི་གཟའ་འཁོར་འགའི་རིང་། ས་དེའི་དབྱི་རག་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པའི་དྲག་ཆས་རྩ་འཛུགས་ལ་བསྟུད་མར་ཕམ་ཁ་ཐེབས། བཤད་ཚུལ་ལྟར་ན་ཨན་པ་ཨར་ཞིང་ཆེན་ཐལ་སྤྱོད་དྲག་ཆས་མི་སྣའི་ལག་ཏུ་ཐེབས་པའི་ཉེན་ཁ་ཆེ་ཟེར།

དབྱེ་ཞིབ་མི་སྣས་བཤད་རྒྱུར། ཨ་ཨར་པུའུ་ཉེ་མུས་ཨར་ཚོ་ཁག་གིས་རྒྱུན་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འཐབ་འཁྲུག་རྒྱག་བཞིན་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིར་ཚོ་ཁག་གི་ཁོངས་མི་བརྒྱ་ཕྲག་དམར་གསོད་བྱས་པ་ནི་དེར་སྐྱིན་པ་བླངས་པ་ལས་གཞན། ཨན་པ་ཨར་ཞིང་ཆེན་གྱི་ཚོ་ཁག་གཞན་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དགྲ་རུ་འཛིན་མི་རུང་བའི་ཉེན་བརྡ་བཏང་བ་རེད་ཟེར།

གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། དམར་གསོད་ལ་བརྟེན་ནས་ཕ་རོལ་བ་ཆམ་ཕབ་གཏོང་བ་དང་འཇིགས་སྣང་སློང་བ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་རྒྱུན་དུ་བཀོལ་བའི་ཐབས་ལམ་རེད་ཟེར། འགྲོ་མིའི་ཐོབ་ཐང་རྩ་འཛུགས་ཁ་ཤས་ཀྱིས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དེ་སྔོན་སི་རི་ཡའི་ཚོ་ཁག་ཅིག་གི་ཁོངས་མི་བརྒྱ་ཕྲག་དམར་གསོད་བྱས་པ་དང་། ཚོ་ཁག་དེས་རྒྱུན་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འཐབ་འཁྲུག་རྒྱག་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག