མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཡེ་ལུའུ་ས་ལུན་ཤར་མ་ནས་གཏན་སྡོད་བྱེད་ས་རྒྱ་བསྐྱེད་རྒྱུའི་ཐག་བཅད་པར་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-04 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་སྲིད་གཞུང་གིས་ཚེས་གསུམ་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ཡེ་ལུའུ་ས་ལུན་ཤར་མ་ནས་གཏན་སྡོད་ཁང་བ་གསར་བ་ལྔ་བརྒྱ་ལས་རྒྱུའི་ཐག་བཅད་པ་དེ་ཕ་ལེ་སི་ཐན་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་ཆེད་འབད་བརྩོན་བྱེད་བཞིན་པ་དེ་དང་རྒྱབ་འགལ་དུ་སོང་ཡོད་ཟེར།

ཕ་ལེ་སི་ཐན་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཨ་པུའུ་ལུའུ་ཏའེ་ནཱ་ཡིས་བཤད་རྒྱུར། ཕ་ལེ་སི་ཐན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་ཨེ་ལེ་ཁཱ་ཐི་ཡིས་ཁྲིད་པའི་མཐོ་རིམ་འཐུས་ཚབ་ཚོགས་པ་ཚེས་གཉིས་ཉིན་ཨ་མེ་རི་ཁར་སོང་ནས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་སོགས་ལ་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པའི་དོན་དག་གི་སྐོར་གྲོས་སྡུར་བྱེད་རྩིས་ཡོད། དབྱི་སི་རལ་གྱིས་འདིའི་སྐབས་སུ་ཡེ་ལུའུ་ས་ལུན་ཤར་མ་ནས་ཡུག་ཐེ་བའི་གཏན་སྡོད་བྱེད་ས་རྒྱ་བསྐྱེད་རྒྱུའི་ཐག་བཅད་པ་དེ་ཕ་ལེ་སི་ཐན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་འབད་བརྩོན་བྱེད་བཞིན་པ་འདི་དང་རྒྱལ་འགལ་དུ་སོང་ཡོད་ཟེར།

ཡེ་ལུའུ་ས་ལུན་འཆར་འགོད་དང་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་ཡེ་ལུའུ་ས་ལུན་ཤར་མ་ནས་ཡུག་ཐེ་བའི་གཏན་སྡོད་ཁང་བ་ལྔ་བརྒྱ་གསར་དུ་ལས་པར་ཆོག་མཆན་བཀོད། ཨུ་ཡོན་ལྷན་ཁང་དེའི་མགྲིན་ཚབ་པས་གཏན་སྡོད་ཁང་བ་གསར་བ་ལྔ་བརྒྱ་བོ་དེ་ཡུག་ཐེ་བ་གཏན་སྡོད་བྱེད་ས་ལཱ་མཱ་ཧྲི་ལོ་མཱོ་ཡི་ནས་ལས་རྒྱུ་ཡིན་ཞེས་བཤད། གཏན་སྡོད་བྱེད་ས་དེ་ནི་ཡེ་ལུའུ་ས་ལུན་གྱི་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་དམག་འཁྲུག་སྔོན་གྱི་དམག་འཁྲུག་མཚམས་འཇོག་པའི་ས་རྟགས་སུ་ཡོད།

ཡུག་ཐེ་བ་གཏན་སྡོད་བྱེད་སའི་གནད་དོན་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་བར་ཆད་གཙོ་བོ་ཡིན། དབྱི་སི་རལ་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་དབུས་ཤར་དམག་འཁྲུག་ཐེངས་གསུམ་པའི་ཁྲོད་ཡེ་ལུའུ་ས་ལུན་ཤར་མ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་བཙན་བཟུང་བྱས་པ་དང་། དེའི་རྗེས་སུ་ས་ཁུལ་དེ་དག་ནས་ཡུག་ཐེ་བ་གཏན་སྡོད་བྱེད་ས་ལས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཕ་ལེ་སི་ཐན་གྱིས་གོང་གི་ས་ཁུལ་དེ་དག་ནས་ཡུག་ཐེ་བ་གཏན་སྡོད་བྱེད་ས་ལས་པ་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་འདོད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག