མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་ཕོ་བྲང་དཀར་བོས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འདེམ་བསྐོ་ལ་རྒོལ་གཏམ་བཏང་བ་དང་ཨུ་རུ་སི་ཡིས་མེན་སི་ཁོའི་གྲོས་ཆོད་བརྩི་སྲུང་བྱེད་རྒྱུའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-04 10:47

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་བོས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ནས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ཉེ་ཚིས་ཁི་དང་ལུའུ་ཀན་སི་ཁི་ནས་བསྡུས་པའི་འདེམ་བསྐོ་ལ་རྒོལ་གཏམ་བཏང་ནས། འདེམ་བསྐོའི་མཇུག་འབྲས་ཁས་མི་ལེན་ཞེས་བསྒྲགས། ཨ་མེ་རི་ཁས་ད་དུང་མུ་མཐུད་དུ་ཨུ་རུ་སི་ཡིས་མེན་སི་ཁོའི་གྲོས་ཆོད་ནང་དུ་བཞག་ཡོད་པའི་དམ་བཅའ་བརྩི་སྲུང་བྱེད་རྒྱུའི་འབོད་སྐུལ་བཏང་།

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་རང་གིས་ཚོད་འཛིན་བྱས་པའི“ཏོན་ཉེ་ཚིས་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”དང“ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ནས་མགོ་ཁྲིད་པ་དང་གྲོས་ཁང་གི་འདེམ་བསྐོ་བསྡུས་པར་མ་ཟད། ཚེས་གསུམ་ཉིན་འདེམ་བསྐོའི་མཇུག་འབྲས་བསྒྲགས། ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁོ་ཡིས་འདེམ་བསྐོ་དེ་ནི་ཟློས་གར་ལྟ་བུ་ཞིག་ཡིན། དེ་མི་དམངས་ཀྱི་འདོད་བློ་དང་གཏན་ནས་འབྲེལ་བ་མེད་པར་མ་ཟད། ཤར་ཕྱོགས་ཀྱི་ཞི་བདེའི་འཕེལ་རིམ་ལ་གནོད་པ་ཡོད་ཅེས་བཤད།

ཕོ་བྲང་དཀར་བོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཝུའུ་ཁི་ལན་ཤར་ཕྱོགས་ནས་བསྡུས་པའི་འདེམ་བསྐོ་རྫུན་མ་དེ་ཝུའུ་ཁི་ལན་གྱི་རྩ་ཁྲིམས་དང་དམིགས་བསལ་གོ་གནས་བཅའ་ཁྲིམས། ཆེས་གཞི་རྩའི་འདེམ་བསྐོ་ཚད་གཞི་བཅས་དང་འགལ་ཡོད། ཨུ་རུ་སི་དང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཟླ་དགུ་བར་མེན་སི་ཁོའི་གྲོས་ཆོད་བཀོད་དེ། དམིགས་བསལ་གོ་གནས་བཅའ་ཁྲིམས་ལག་བསྟར་བྱེད་པར་འཐད་པ་བྱུང་ཡོད་ལ། ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་བསྡུས་པའི་འདེམ་བསྐོ་དེ་གྲོས་ཆོད་དེ་དང་འགལ་ཡོད་ཅེས་བཤད།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ནས། ཨུ་རུ་སི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་མང་ཚོགས་ཀྱིས་ཐེངས་འདིའི་འདེམ་བསྐོའི་ཁྲོད་རང་གི་འདོད་བློ་མཚོན་པར་བྱས་པར་བརྩི་བཀུར་བྱེད་རྒྱུ་ཡིན་ལ། འདེམ་བསྐོ་ལས་བྱུང་བའི་འཐུས་མིས་ས་དེའི་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་པའི་འགན་འཁུར་རྒྱུ་རེད་ཅེས་བཤད། ཕོ་བྲང་དཀར་བོས་བཤད་རྒྱུར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་དུ་འདེམ་བསྐོ་རྫུན་མ་དེ་ཁྲིམས་མཐུན་ཅན་དུ་གཏོང་འདོད་པ་དེར་ཨ་མེ་རི་ཁས་སེམས་ཁུར་བྱེད་བཞིན་ཡོད་ལ། མཱོ་སི་ཁོ་ཕྱོགས་ཀྱིས་བསྟུད་མར་མེན་སི་ཁོའི་གྲོས་ཆོད་ལས་གཏན་ལ་ཕབ་པའི་འོས་འགན་ལག་བསྟར་བྱེད་མ་ཐུབ་པ་དེས་མི་ཚང་མ་ཨུ་རུ་སིའི་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འགལ་བ་ཞི་བས་ཐག་གཅོད་རྒྱུ་ཡིན་ཞེས་པའི་དམ་བཅའ་དེར་དོགས་པ་ཟ་རུ་འཇུག་སྲིད་ཟེར།

ཕོ་བྲང་དཀར་བོས་བཤད་རྒྱུར། གལ་ཏེ་ཨུ་རུ་སི་ཡིས་མེན་སི་ཁོའི་གྲོས་ཆོད་ཁྲོད་བཞག་པའི་དམ་བཅའ་སྣང་མེད་འཇོག་པ་དང་། བརྟན་འཇགས་ལ་གཏོར་བརླག་བྱེད་པའི་འགུལ་སྐྱོད་མུ་མཐུད་སྤེལ་ན་དེའི་ཆེད་དུ་རིན་ཐང་ཆེན་པོ་འཇལ་དགོས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག