མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འདེམ་བསྐོ་མཇུག་རྫོགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-04 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི“ཏོན་ཉེ་ཚིས་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”དང“ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་གསུམ་ཉིན་བསྒྲགས་རྒྱུར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འདེམ་བསྐོའི་མཇུག་འབྲས་ལྟར་ན། ཀྲ་ཧར་ཆིན་ཁོ་དང་ཕུའུ་ལོ་ཐི་ཉེ་ཚིས་ཅི་གཉིས་ལ་སོ་སོར་འདེམ་ཤོག་བརྒྱ་ཆའི་དོན་བརྒྱད་དང་བརྒྱ་ཆའི་རེ་གསུམ་རེ་ཐོབ་ནས“ཙུང་ཐུང”ལ་བདམས་ཟེར། ཁོ་གཉིས་ཀྱིས་འགྲན་རྩོད་ཀྱི་སྒྲོག་གཏམ་སྤེལ་སྐབས་ཨུ་རུ་སིའི་བར་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གཙོ་བོ་ཡིན་ཞེས་བཤད་མྱོང་། ཨུ་རུ་སིའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། “ཙུང་ཐུང་གསར་བའི”འགན་བཞེས་མཛད་སྒོ་ཚེས་བཞི་ཉིན་བསྡུ་རྒྱུ་རེད་ཟེར།

ཀྲ་ཧར་ཆིན་ཁོ་ནི་གཅིག་སྟོང་དགུ་བརྒྱ་དོན་དྲུག་ལོར་ཏོན་ཉེ་ཚིས་ཁི་ནས་སྐྱེས། སློབ་མཐར་ཕྱིན་རྗེས། ཀྲ་ཧར་ཆིན་ཁོ་གཏེར་ཁུངས་ཤིག་ནས་གློག་ལས་པ་བྱས་པ་དང་། རྗེས་སུ་ཚོང་ལས་གཉེར། ཁོས་ཏོན་ཉེ་ཚིས་ཁི་ས་ཁུལ་ནས་ངོ་རྒོལ་རྩ་འཛུགས“བཙན་རྫོང”ཟེར་བ་ཞིག་བཙུགས། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར་ཁོས་དྲག་ཆས་མི་སྣ་ཁྲིད་དེ་ཏོན་ཉེ་ཚིས་ཁི་མངའ་སྡེའི་སྲིད་གཞུང་བདག་ཏུ་བཟུང་བ་དང་། ཟླ་ལྔ་བར“ཏོན་ཉི་ཚིས་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི་ནང་སྲིད་པུའུ་ཀྲང་གཞོན་པའི་འགན་ཁུར། ཟླ་བརྒྱད་པའི་ཚེས་བདུན་ཉིན་ཀྲ་ཧར་ཆིན་ཁོས་པོ་ལོ་ཏའེ་ཡི་ཚབ་བྱས་ཏེ“ཏོན་ཉེ་ཚིས་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི་ཙུང་ལིའི་འགན་ཁུར། འདེམ་ཤོག་མ་འཕངས་པའི་སྔོན་ལ་ཀྲ་ཧར་ཆིན་ཁོ་ཡིས་ཁོའི་དམིགས་འབེན་ནི་འདེམ་བསྐོའི་རྗེས་སུ་ཁྲིམས་མཐུན་གྱི་རྒྱལ་ཁབ་གསར་བ་ཞིག་བཙུགས་ཏེ། མིག་སྔར་ཝུའུ་ཁི་ལན་གྱིས་ཚོད་འཛིན་བྱས་ཡོད་པའི་ཤར་ཕྱོགས་ཀྱི་མངའ་ཁོངས་ཕྱིར་འཕྲོག་རྒྱུ་དེ་ཡིན་ཞེས་བཤད་མྱོང་།

“ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”ཀྱི“ཙུང་ཐུང་གསར་བ”ཕུའུ་ལོ་ཐི་ཉི་ཚིས་ཅི་ནི་ལུའུ་ཀན་སི་ཁི་ས་ཆའི་ཡིན་ལ། གཅིག་སྟོང་དགུ་བརྒྱ་གྱ་གཉིས་ལོ་ནས་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོའི་བར་དུ་སྔོན་ཆད་ཀྱི་སུའུ་ལེན་ནས་དམག་དཔུང་དུ་ཞུགས་མྱོང་། དམག་དཔུང་ལས་བུད་རྗེས་ཚོང་ལས་གཉེར་མགོ་བརྩམས་ལ། ཉིས་སྟོང་བཞི་ལོར་མངའ་སྡེ་དེའི་ལྟ་ཞིབ་སྡེ་ཁག་ནས་བྱ་བ་སྒྲུབ་མགོ་བརྩམས་པ་དང་། ཚོང་ར་ལྟ་རྟོག་ཁང་གི་མགོ་གཙོའི་འགན་ཁུར་མྱོང་། “ལུའུ་ཀན་སི་ཁི་མི་དམངས་སྤྱི་མཐུན་རྒྱལ་ཁབ”དབུ་བརྙེས་པ་བསྒྲགས་རྗེས། ཕུའུ་ལོ་ཐི་ཉེ་ཚིས་ཅི་ཡིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར་མི་རིགས་བཅིངས་འགྲོལ་དམག་སྒར་གྱི་བཀོད་འདོམས་དཔོན་དང་པོའི་འགན་ཁུར། ཟླ་ལྔ་བའི་ཚེས་ཉེར་གཅིག་ཁོ་རྒྱལ་སྲུང་པུའུ་ཀྲང་ལ་བསྐོས། ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན་ལུའུ་ཀན་སི་ཁི་ཡི་ཙུང་ཐུང་པོ་ལོ་ཐོ་ཧྥུའུ་ཡིས་འགན་ཁུར་མཚམས་བཞག་པར་མ་ཟད་ཕུའུ་ལོ་ཐི་ཉེ་ཚིས་ཅི་ལ“ཙུང་ཐུང”གི་འགན་ཁུར་དུ་བཅུག

ཨུ་རུ་སིའི་གསར་འགྱུར་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་ཏོན་ཉེ་ཚིས་ཁི་དང་ལུའུ་ཀན་སི་ཁི་ཡི་འདེམ་བསྐོའི་ཐད་ནས་གསལ་སྒྲོག་སྤེལ་ཏེ། གསར་དུ་བདམས་པའི་འཐུས་མི་ལ་ས་ཁུལ་གྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱེད་པ་དང་དོན་དངོས་གནད་དོན་ཐག་གཅོད་པའི་དབང་ཐོབ་ཡོད་ཅེས་བཤད། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཁཱ་ལཱ་ཞིན་གྱིས་ཚེས་གསུམ་ཉིན་ཨུ་རུ་སིའི་ཐ་སི་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གསར་དུ་བདམས་པའི་མགོ་ཁྲིད་པར་ཅི་ཧྥུའུ་ཕྱོགས་ལ་སྔར་ལས་རྒྱ་ཆེ་ཞིང་ཡུན་རིང་བའི་གྲོས་མོལ་བྱེད་པའི་དབང་ཆ་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་གི་འདྲ་མཉམ་གྱི་གྲོས་མོལ་ལ་ད་གཟོད་གྲུབ་འབྲས་ཐོབ་སྲིད་ཟེར། ཁཱ་ལཱ་ཞིན་གྱིས་ད་དུང་ཝུའུ་ཁི་ལན་སྲིད་གཞུང་གིས་ཤར་ཕྱོགས་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་།

ཝུའུ་ཁི་ལན་གྱི་ཙུང་ཐུང་པོ་ལོ་ཧྲིན་ཁོ་ཡིས་ཚེས་གཉིས་ཡང་འདེམ་བསྐོའི་མཇུག་འབྲས་ཁས་མི་ལེན་ཞེས་བསྐྱར་སྒྲོག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག