མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕ་ཁི་སི་ཐན་གྱི་ལཱ་ཧར་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ང་ལྔ་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-03 11:30

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཉིན་དེའི་དགོང་མོར་ཕ་ཁི་སི་ཐན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ལཱ་ཧར་ནས་བྱུང་བའི་རང་སྲོག་བཅད་དེ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཁྲོད་ནས་ཉུང་མཐར་ཡང་མི་ལྔ་བཅུ་ང་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཅོ་བརྒྱད་ལ་རྨས་ཕོག་ཟེར།

ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་མུའུ་ཧྲི་ཐ་ཁི་ཡིས་བཤད་རྒྱུར། ས་དེའི་སྨན་ཁང་གསུམ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་གཉིས་ཉིན་གྱི་དགོང་མོར་ལཱ་ཧར་གྲོང་ཁྱེར་གྱི་རྒྱ་གར་དང་ཕ་ཁི་སི་ཐན་གྱི་མཐའ་མཚམས་དང་ཉེ་བའི་ཝ་ཀི་ཧི་གྲོང་རྡལ་ནས་རང་སྲོག་བཅད་དེ་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་ནས་ཉུང་མཐར་ཡང་མི་ང་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཅོ་བརྒྱད་ལ་རྨས་ཕོག་ཟེར།

ས་དེའི་དམག་དོན་དམག་དཔུང་དུ་མི་གཏོགས་པའི་དམག་དཔུང་ཞིག་གི་འགན་ཁུར་བ་ཐ་ཞི་ཨར་གྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་བྱུང་ས་དེ་མཐའ་མཚམས་ཀྱི་དར་ཆ་ཕབ་སའི་སྒོ་ཆེན་དང་བར་ཐག་མུས་ང་ལྔ་ཙམ་གྱི་ས་རུ་ཡོད་པའི་ཟ་ཁང་ཞིག་གི་ཉེ་འདབས་ཡིན་ལ། དོན་རྐྱེན་བྱུང་སྐབས། མི་ཉིས་བརྒྱ་ལྷག་གིས་མཐའ་མཚམས་ཀྱི་དར་ཆ་ཕབ་པའི་མཛད་སྒོར་བལྟས་རྗེས་སྔ་གཞུག་ཏུ་ཕྱིར་འགྲོ་ཡོད་པ་དང་། རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་བ་ཞིག་གིས་མི་ཚོགས་ཀྱི་ཁྲོད་ནས་ལུས་སྟེང་གི་འགད་རྫས་བཏང་བ་རེད། མི་སྣ་མང་བོ་ཤི་རྨས་བཟོས་པས་མི་ཚད། འགས་གཏོར་ཁྲོད་ནས་ད་དུང་ཉེ་འདབས་ཀྱི་ཟ་ཁང་དང་རླངས་འཁོར་ལ་ཡང་གཏོར་བརླགས་ཚབས་ཆེན་ཐེབས་ཟེར།

སྨན་ཁང་ཕྱོགས་ཀྱིས་བཤད་རྒྱུར། འདས་པོའི་ཁྲོད་དུ་བདེ་འཇགས་མི་སྣ་གསུམ་དང་བྱིས་པ་བདུན། བུད་མེད་བཅུ་གཅིག་བཅས་ཡོད་ལ། ཉུང་མཐར་ཡང་རྨས་ཉི་ཤུའི་རྨས་ཧ་ཅང་ལྗིད་པས་འདས་པོའི་ཁ་གྲངས་ཇེ་མང་ལ་འགྲོ་སྲིད། མིག་སྔར་ལཱ་ཧར་གྲོང་ཁྱེར་གྱི་རྒྱལ་གཉེར་སྨན་ཁང་ཚང་མ་ཛ་དྲག་གི་གནས་སུ་གྱར་ཡོད་པ་མ་ཟད། མང་ཚོགས་རྣམས་ཀྱིས་རྨས་མར་ཁྲག་སྦྱིན་གཏོང་རྒྱུའི་འབོད་སྐུལ་བཏང་ཡོད་ཟེར།

འཇབ་རྒོལ་དོན་རྐྱེན་བྱུང་རྗེས། དྲག་ཆས་རྩ་འཛུགས་གསུམ་གྱིས་སྔ་གཞུག་ཏུ་འཇབ་རྒོལ་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས་པ་དང་། དེའི་ནང་དུ་ཕ་ཁི་སི་ཐན་གྱི་ཐ་ལེ་པན་ཡན་ལག་རྩ་འཛུགས་ཀྱང་ཡོད།

ཕ་ཁི་སི་ཐན་གྱི་ཙུང་ཐུང་ཧུ་སད་དབྱིན་དང་ཙུང་ལི་ཞེ་ལེ་ཧྥུའུ་གཉིས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་མ་ཟད། རྨས་མར་སྨན་བཅོས་བཟང་བོ་བྱེད་དགོས་པའི་བཀའ་ཕབ། 

 ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ནང་སྲིད་པུའུ་ཀྲང་ཧྥུའུ་ཡཱ་ཡིས་བཤད་རྒྱུར། འཇབ་རྒོལ་བའི་དམིགས་འབེན་ནི་མ་གཞི་ཉིན་དེའི་དར་ཆ་ཕབ་པའི་མཛད་སྒོ་ཡིན་མོད། ཡིན་ནའང་བདེ་འཇགས་བྱེད་ཐབས་ནན་མོ་ཡིན་པས། འཇབ་རྒོལ་བ་མཛད་སྒོའི་ཚོགས་རར་འགྲོ་མ་ཐུབ་པར་མི་ཚོགས་ལ་འཇབ་རྒོལ་བྱས་པ་རེད་ཟེར།

ཝ་ཀི་ཧི་མཐའ་མཚམས་སོ་ལྟ་ཁང་ནི་རྒྱ་གར་དང་ཕ་ཁི་སི་ཐན་བར་གྱི་སྐམ་སའི་མཐའ་མཚམས་ཀྱི་འགག་སྒོ་ཡིན་ལ། རྒྱ་གར་གྱི་ཨ་མུའུ་ལེ་ཙི་དང་ཕ་ཁི་སི་ཐན་གྱི་གྲོང་ཁྱེར་ལཱ་ཧར་གཉིས་ཀྱི་འབྲེལ་མཚམས་སུ་ཡོད། གཅིག་སྟོང་དགུ་བརྒྱ་ཞེ་བདུན་ལོར་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་རྒྱལ་ཁབ་གཉིས་སུ་བཀར་རྗེས། རྒྱལ་ཁབ་གཉིས་ཀྱིས་ཉིན་རེའི་ཉི་མ་ནུབ་སྐབས་ཝ་ཀི་ཧི་མཐའ་མཚམས་སོ་ལྟ་ཁང་ནས་འགག་སྒོ་བརྒྱབ་སྟེ་དར་ཆ་ཕབ་པའི་མཛད་སྒོ་བསྡུ་བཞིན་ཡོད། ཁྱད་ཆོས་མངོན་པར་གསལ་བའི་དར་ཆ་ཕབ་པའི་མཛད་སྒོ་དེ་རིམ་བཞིན་འཁྲབ་སྟོན་གྱི་རང་བཞིན་ལྡན་པའི་གནས་སྐོར་རྣམ་གྲངས་ཤིག་ཏུ་གྱུར་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་གནད་སྐོར་བ་མང་བོ་ལྟ་སྐོར་དུ་འགུག་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག