མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཧན་གོས་ཁྲའོ་ཞན་ལ་རྒོལ་བའི་སྒྲོག་ཡིག་འགྲེམ་མཚམས་མ་བཞག་ན་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ཇེ་བཟང་དུ་འགྲོ་ཐབས་མེད་ཅེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་གིས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཧན་གོའི་དམངས་ཁྲོད་ཚོགས་པས་ཁྲའོ་ཞན་ལ་རྒོལ་བའི་སྒྲོག་ཡིག་བཀྲམས་པར་ཡང་བསྐྱར་རྒོལ་གཏམ་བཏང་བ་མ་ཟད། གལ་ཏེ་ཧན་གོས་དེ་ལྟ་བུའི་སྒྲོག་ཡིག་འགྲེམ་མཚམས་མ་བཞག་ན། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ཇེ་བཟང་དུ་འགྲོ་ཐབས་མེད་ཅེས་བཤད་ཟེར།

གསལ་སྒྲོག་ནང་དུ་ཧན་གོའི་དམངས་ཁྲོད་ཚོགས་པས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་མཚན་མོར་ཁྲའོ་ཞན་ལ་རྒོལ་བའི་སྒྲོག་ཡིག་བཀྲམས་པར་རྒོལ་གཏམ་བཏང་ཡོད་པ་མ་ཟད། ཁྲའོ་ཞན་གྱིས་ཐེངས་མང་པོར་ཧན་གོའི་ཕྱོགས་ལ་གལ་ཏེ་ཁྲའོ་ཞན་ལ་རྒོལ་བའི་སྒྲོག་ཡིག་བཀྲམ་ན་ཁྲའོ་ཞན་དང་ཧན་གོའི་མཐོམ་རིམ་འབྲེལ་འདྲིས་ཐེངས་གཉིས་པ་བསྡུ་བའི་རེ་བ་སྟོང་ཟད་དུ་འགྲོ་ངེས་པ་དང་། ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་སྲིད་ཅེས་ཉེན་བརྡ་ཚབས་ཆེན་བཏང་མྱོང་ཞེས་བཤད་ཡོད།

གསལ་སྒྲོག་ནང་དུ་ཧན་གོ་སྲིད་གཞུང་ནི་སྒྲོག་ཡིག་འགྲེམ་པའི་གཏེ་བོ་ཡིན་ཞེས་སྐྱོན་བརྗོད་བྱས་ཡོད་ལ། གལ་ཏེ་ཧན་གོ་ཕྱོགས་ཀྱིས་བྱ་སྤྱོད་དེའི་རིགས་མཚམས་མ་བཞག་ན། ཁྲའོ་ཞན་དང་ཧན་གོའི་གྲོས་མོལ་དང་ཁྲའོ་ཞན་དང་ཧན་གོའི་འབྲེལ་བ་ཇེ་བཟང་དུ་འགྲོ་ཐབས་མེད། ཁྲའོ་ཞན་གྱིས་རང་གི་རྒྱལ་ཁབ་ཀྱི་ལ་རྒྱ་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་བཟོད་སྒོམ་བྱེད་ཐབས་གཏན་ནས་མེད་པས། བློ་ཐག་ཆོད་པོས་བྱེད་ཐབས་སྤྱད་དེ་དེར་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བཤད་ཡོད།

ཟླ་བཅུ་བའི་ཚེས་བཞི་ཉིན། ཧན་གོའི་རིན་ཁྲོན་དུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་གྲོལ་བའི་མཛད་སྒོར་ཞུགས་པར་སོང་བའི་ཁྲའོ་ཞན་གྱི་མཐོ་རིང་འཐུས་ཚབ་ཚོགས་པས་ཧན་གོའི་དཔོན་རིགས་དང་མཉམ་དུ་གུང་ཚིགས་གྲོས་ཚོགས་བསྡུས་པ་མ་ཟད། ད་ལོའི་ཟླ་བཅུ་བའི་ཟླ་མཇུག་ནས་ཟླ་བཅུ་གཅིག་པའི་ཟླ་སྟོད་བར་དུ་ཁྲའོ་ཞན་དང་ཧན་གོའི་མཐོ་རིམ་འབྲེལ་འདྲིས་ཐེངས་གཉིས་པ་བསྡུ་རྒྱུའི་ཐག་བཅད། ཡིན་ནའང་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན། ཁྲའོ་ཞན་གྱིས་ཧན་གོར་ཁ་པར་བཏང་ནས་ཧན་གོའི་དམངས་ཁྲོད་ཚོགས་པས་ཁྲའོ་ཞན་ལ་རྒོལ་བའི་སྒྲོག་ཡིག་བཀྲམས་པས། མཐོ་རིམ་འབྲེལ་འདྲིས་ཐེངས་གཉིས་པ་བསྡུ་བའི་དོན་དག་ལ་ཡང་བསྐྱར་བསམ་བློ་གཏོང་རྒྱུ་ཡིན་ཞེས་བརྡ་བརྒྱབ།

ཉེ་བའི་ལོ་འགའི་རིང་ལ། ཧན་གོའི་དམངས་ཁྲོད་ཚོགས་པས་རྒྱུན་དུ་ཁྲའོ་ཞན་ལ་རྒོལ་བའི་སྒྲོག་ཡིག་འགྲེམ་བཞིན་པ་དང་། ཧན་གོའི་སྲིད་གཞུང་གིས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པ་རྒྱུ་མཚོན་དུ་བྱས་ཏེ་དོན་དེར་ཐེ་གཏོགས་བྱེད་ཀྱིན་མེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག