མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

པོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་རྩ་འཛུགས་ཀྱིས་ཁོ་ཚོས་བུ་མོ་སློབ་མ་ཉིས་བརྒྱ་ལྷག་བཙན་ཁྲིད་བྱས་པ་དེ་དག་ཚང་མ་གཞན་དང་གཉེན་སྒྲིག་བྱས་ཡོད་ཅེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་པོ་ཁི་གནས་མཆོག་ཅེས་པ་དེས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་བརྙན་རིས་བསྟན་ཏེ། དྲག་ཆས་རྩ་འཛུགས་དེས་ད་ལོའི་ཟླ་བཞི་བར་སློབ་གྲྭ་ཞིག་ནས་བུ་མོ་སློབ་མ་ཉིས་བརྒྱ་ལྷག་བཙན་ཁྲིད་བྱས་པ་དེ་དག་ཚང་མ་གཞན་དང་གཉེན་སྒྲིག་བྱས་ཡོད་ཅེས་བསྒྲགས།

ནུབ་ཕྱོགས་ཀྱི་གསར་འགྱུར་ལས་ཁུངས་མང་བོར་བསྐུར་བའི་བརྙན་རིས་དུམ་བུ་དེའི་ནང་དུ། པོ་ཁི་གནས་མཆོག་ཅེས་པའི་མགོ་བ་ཨ་པུའུ་པ་ཁ་ཨར་ཞེ་ཁའོ་ཡིས་བཙན་ཁྲིད་བྱས་པའི་བུ་མོ་སློབ་མ་དེ་དག་ཚང་མ་གཞན་དང་གཉེན་སྒྲིག་བྱས་ཡོད་པར་མ་ཟད་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་བཞིན་ཡོད་ཅེས་བཤད་ཡོད།

ཞེ་ཁའོ་ཡིས་ངས་བུ་མོ་དེ་དག་ཚང་མ་གཞན་དང་གཉེན་སྒྲིག་བྱེད་དུ་བཅུག་ཡོད་ལ། དམག་འཁྲུག་འདི་ལ་གཡོལ་ཐབས་གཏན་ནས་མེད་ཅེས་བཤད།

བརྙན་རིས་ནང་དུ་ཞེ་ཁྲའོ་ཡིས་པོ་ཁི་གནས་མཆོག་ཅེས་པས་ད་ལོའི་ཟླ་བདུན་པར་འཇར་མན་པ་ཞིག་བཙན་ཁྲིད་བྱས་པ་ཐོག་མར་ཁས་བླངས་པ་དང་། དྲག་ཆས་རྩ་འཛུགས་དེས་ནེ་ཀྲི་རི་ཡའི་སྲིད་གཞུང་བར་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་ཡོད་ཟེར་བའི་བཤད་ཚུལ་དེ་ཁས་མ་བླངས།

པོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་རྩ་འཛུགས་ཀྱིས་ད་ལོའི་ཟླ་བཞི་བར་པོར་ནོ་མངའ་སྡེའི་ཆི་པུའུ་ཁི་ས་ཁུལ་གྱི་བུ་མོ་སློབ་འབྲིང་ཞིག་ལ་འཇབ་རྒོལ་བྱས་ཏེ། བུ་མོ་སློབ་མ་ཉིས་བརྒྱ་ལྷག་བཙན་ཁྲིད་བྱས་པས། འཛམ་གླིང་དེར་ཡ་ང་བར་གྱུར། དྲག་ཆས་རྩ་འཛུགས་དེས་རེ་ཞིག་ལ་བུ་མོ་སློབ་མ་བཀོལ་ནས་ནེ་ཀྲི་རི་ཡའི་སྲིད་གཞུང་གིས་འཛིན་བཟུང་བྱས་པའི་རྩ་འཛུགས་དེའི་ཁོངས་མི་དང་བརྗེ་རེས་བྱེད་རྒྱུའི་རེ་བ་བཏོན་ནའང་སྲིད་གཞུང་གིས་དེ་ཁས་མ་བླངས། ནེ་ཀྲི་རི་ཡའི་རྒྱལ་སྲུང་པུའུ་ཀྲང་ཨ་ལེ་ཁི་སི་པ་ཏི་ཡིས་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་སྲིད་གཞུང་གིས་པོ་ཁི་གནས་མཆོག་ཅེས་པའི་རྩ་འཛུགས་བར་དུ་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཞག་ཡོད་པ་དང་། བཙན་ཁྲིད་བྱས་པའི་བུ་མོ་སློབ་མ་དེ་དག་མྱུར་དུ་ཕྱིར་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ཅེས་བསྒྲགས།

དམངས་དབང་རྩ་འཛུགས་ཤིག་གིས་གཟའ་འཁོར་འདིའི་ནང་བསྒྲགས་པའི་སྙན་ཞུ་ལྟར་ན། ཉིས་སྟོང་དགུ་ལོའི་ཚུན་ལ། པོ་ཁི་གནས་མཆོག་ཅེས་པས་བཙན་ཁྲིད་བྱས་པའི་བུད་མེད་ནར་མ་སོན་པའི་བུ་མོ་བསྡོམས་པས་ལྔ་བརྒྱ་ལྷག་ལ་འབུད་པ་དང་། དེའི་ནང་གི་བུ་མོ་མི་ཉུང་བ་ཞིག་བཙན་གྱིས་དྲག་ཆས་མི་སྣ་དང་གཉེན་སྒྲིག་བྱེད་དུ་བཅུག་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག