མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ནང་སྲིད་པུའུ་ཡི་མི་སྣས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་ཉིན་དེར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ང་གཅིག་ལ་རྨས་ཕོག་ཟེར།

མིང་བཤད་མི་འདོད་པའི་ནང་སྲིད་པུའུ་ཡི་མི་སྣ་དེས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཕྱི་དྲོར། རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་བ་ཞིག་གིས་ནང་དུ་འགད་རྫས་བཞག་པའི་རླངས་འཁོར་ཆེན་པོ་ཞིག་བསྐོར་ཏེ་པ་ཀི་ཏའི་ལྷོ་ཕྱོགས་ཀྱི་ཏུའུ་ལཱ་ས་ཁུལ་གྱི་མི་ཚོགས་མང་བའི་ཉེན་རྟོག་ཕྱོགས་ཀྱི་ཞིབ་བཤེར་ས་ཁུལ་ཞིག་ཏུ་མཆོངས་པ་མ་ཟད་འགད་རྫས་འགས་གཏོར་བཏང་། དོན་རྐྱེན་དེའི་ཁྲོད་ནས་འཇབ་རྒོལ་བ་རང་ཉིད་བརྩིས་ན་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་གཉིས་ལ་རྨས་ཕོག་ཟེར།

མི་སྣ་དེས་བཤད་པ་ལྟར་ན། ཉིན་དེའི་དགོང་མོར་ཧྲི་ཡེ་ཕྱོགས་ཁག་གི་མི་ཁ་ཤས་ཀྱིས་པ་ཀི་ཏ་གྲོང་ཁྱེར་དཀྱིལ་དབུས་ཀྱི་ཕ་ལེ་སི་ཐན་སྲང་ལམ་ནས་ཨ་ཧྲུའུ་ལཱ་དུས་ཆེན་ལ་རོལ་སྐབས། མི་ཚོགས་ཀྱི་ཉེ་འགྲམ་དུ་བསྡད་ཡོད་པའི་ནང་དུ་འགད་རྫས་བཞག་པའི་རླངས་འཁོར་ཞིག་འགས་གཏོར་བཏང་ནས། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག་ཟེར།

ན་ནིང་གི་ལོ་མགོ་ནས་བཟུང་། དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་བསྟུད་མར་བྱུང་ནས་བདེ་འཇགས་གནས་བབ་ཚབས་ཇེ་ཆེར་གྱུར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པ་དང་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མིའི་དོན་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། ད་ལོའི་ལོ་སྟོད་ལ་དབྱི་རག་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་ཁྲོད་ནས་མི་སེར་སྟོང་ལྔ་དང་ལྔ་བརྒྱ་དོན་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གཅིག་ལྷག་ལ་རྨས་ཕོག་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག