མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་གྱི་ཤར་ཕྱོགས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:17

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ལུའུ་ཀི་ཨར་ཞིང་ཆེན་ནས་ཉིན་དེར་རང་སྲོག་བཅད་དེ་འགས་གཏོར་འཇབ་རྒོལ་བྱས་པའི་དོན་རྐྱེན་ཞིག་བྱུང་ནས། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག་ཟེར།

ལུའུ་ཀི་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ས་དེའི་ཉིན་གུང་གི་དུས་ཚོད་བཅུ་གཉིས་ཡས་མས་སུ་བྱུང་། རང་སྲོག་གཅོད་པའི་འཇབ་རྒོལ་བ་ཞིག་གིས་ཞིང་ཆེན་དེའི་ཞིབ་བཤེར་ས་ཚིགས་ཤིག་གི་ཉེ་འདབས་ནས་རླངས་འཁོར་སྟེང་གི་འགད་རྫས་འགས་གཏོར་བྱུང་། འཇབ་རྒོལ་བ་རང་ཉིད་ལས་གཞན། འགས་གཏོར་དོན་རྐྱེན་ཁྲོད་ནས་ས་དེའི་ཉེན་རྟོག་པ་དྲུག་དང་དམག་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་ཉི་ཤུ་ལ་རྨས་ཕོག་ཟེར།

མིག་སྔར་རྩ་འཛུགས་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་ཁས་བླངས་མེད།

ཨ་ཧྥུའུ་ཧན་གྱི་ཉེ་ལམ་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། ཐ་ལེ་པན་སོགས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་ཨ་ཧྥུའུ་ཧན་གྱི་ལྷོ་ཕྱོགས་སུ་བསྟུད་མར་འགུལ་སྐྱོད་སྤེལ་བཞིན་ཡོད་པ་མ་ཟད། ད་དུང་ཨ་ཧྥུའུ་ཧན་གྱི་ཤར་བྱང་ས་ཁུལ་དུ་རྒྱ་བསྐྱེད་པའི་གནས་བབ་མངོན་ཡོད། གསར་འགྱུར་ལས་ཁུངས་ཀྱིས་བལྟས་ན། བྱང་ཆིངས་རྒྱལ་ཁབ་ཀྱིས་ཨ་ཧྥུའུ་ཧན་ན་ཡོད་པའི་འཐབ་འཛིང་དམག་དཔུང་རིམ་བཞིན་ཕྱིར་འཐེན་བྱས་པར་བསྟུན་ནས། ཨ་ཧྥུའུ་ཧན་གྱི་འགོག་སྲུང་ལས་དོན་གྱི་འགན་ཡོངས་སུ་ཕྲག་ཏུ་བླངས་པའི་ཨ་ཧྥུའུ་ཧན་རང་ས་གནས་ཀྱི་བདེ་འཇགས་དམག་དཔུང་སྔར་ལས་ཛ་དྲག་ཆེ་བའི་འགྲན་རྩོད་ལ་འཕྲད་ཡོད་པར་འདོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག