མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ཤར་ཕྱོགས་མངའ་སྡེ་གཉིས་ཀྱིས་འདེམ་བསྐོ་བྱེད་རྩིས་ཡོད་པར་ཨུ་རུ་སིས་རྒྱབ་སྐྱོར་དང་ནུབ་ཕྱོགས་ཀྱིས་སྐྱོན་བརྗོད་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-02 10:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཚེས་གཉིས་ཉིན་ཏོན་ཉེ་ཚིས་ཁི་མངའ་སྡེ་དང་ལུའུ་ཀན་སི་ཁི་མངའ་སྡེའི་ཚོད་འཛིན་ཁུལ་ནས་ས་དེའི་མགོ་ཁྲིད་པ་དང་གྲོས་ཁང་གི་འདེམ་བསྐོ་བསྡུ་རྩིས་ཡོད། འདེམ་བསྐོ་རྩ་འཛུགས་ཕྱོགས་ཀྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། འདེམ་བསྐོར་གྲ་སྒྲིག་བྱས་ཚར་བ་དང་། སྐབས་དེར་ཏོན་ཉེ་ཚིས་ཁི་དང་ལུའུ་ཀན་སི་ཁི་མངའ་སྡེ་ནས་ཁྲིམས་མཐུན་གྱི་སྲིད་གཞུང་གདམ་རྒྱུ་ཡིན་ཟེར།

འདེམ་བསྐོ་དེར་ཨུ་རུ་སི་ཕྱོགས་ཀྱིས་རྒྱབ་སྐྱོར་བྱས་ཏེ། འདེམ་བསྐོའི་མཇུག་འབྲས་ཁས་ལེན་རྒྱུ་ཡིན་ཞེས་བཤད། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་དེར་སྐྱོན་བརྗོད་བྱས་ཏེ། བྱ་སྤྱོད་དེས་ཆབ་སྲིད་ཀྱི་ལམ་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པའི་འཕེལ་རིམ་ལ་བར་ཆད་བྱེད་སྲིད་ཅེས་བཤད།

ཏོན་ཉེ་ཚིས་ཁི་མངའ་སྡེའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོ་མན་ལེ་ཡཱ་ཅིན་གྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འདེམ་བསྐོའི་གྲ་སྒྲིག་བྱ་བ་ཕལ་ཆེར་འགྲུབ་ཡོད་ལ། འདེམ་བསྐོ་འདི་ནི་ཧ་ཅང་གལ་ཆེ་སྟེ། འདིས་ང་ཚོར་ཁྲིམས་མཐུན་གྱི་དབང་ཆ་བྱིན་ནས། ང་ཚོ་ཅི་ཧྥུའུ་དབང་འཛིན་ལས་ཁུངས་འབྲལ་བར་བྱེད་ཐུབ་ཟེར།

ལེ་ཡཱ་ཅིན་གྱིས་བཤད་རྒྱུར། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་འདེམ་ཤོག་ས་ཡ་གསུམ་ཙམ་དཔར་ཡོད་པ་དང་། མི་ཁྲི་གསུམ་དང་སྟོང་བཞི་ཙམ་འདེམ་ཤོག་འཕེན་སར་འགྲོ་མི་ཐུབ་པས། མཉམ་འབྲེལ་དྲ་ལམ་བརྒྱུད་དེ་སྔོན་ལ་འདེམ་ཤོག་འཕངས་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་གཟའ་འཁོར་འདིའི་ནང་དུ་ཨུ་རུ་སིའི་གསར་འགྱུར་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཨུ་རུ་སི་སྲིད་གཞུང་གིས་འདེམ་བསྐོ་དེ་འཆར་གཞི་ལྟར་བདེ་བླག་ངང་བསྡུ་ཐུབ་པར་རེ་སྒུག་བྱས་ཡོད་ལ། ཨུ་རུ་སི་ཕྱོགས་ཀྱིས་འདེམ་བསྐོའི་མཇུག་འབྲས་ཁས་ལེན་ངེས་ཡིན། ང་ཚོས་འདེམ་བསྐོ་དེ་ནི་རང་དབང་གི་འདེམ་བསྐོ་ཞིག་ཏུ་གྱུར་ནས། བར་ཆད་ཅི་ཡང་མེད་པར་བདེ་བླག་ངང་བསྡུ་རྒྱུའི་རེ་བ་བཅངས་ཡོད་ཅེས་བཤད་མྱོང་།

དབྱེ་ཞིབ་མི་སྣས་བལྟས་ན་འདེམ་བསྐོ་དེས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་སྲིད་གཞུང་འཛུགས་པར་ཁྲིམས་མཐུན་དབང་ཆ་སྟེར་སྲིད་པར་འདོད་ཡོད།

ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ལྟ་ཚུལ་ཨུ་རུ་སི་དང་གཏན་ནས་མི་འདྲ་སྟེ། དེ་དག་གིས་འདེམ་བསྐོ་དེ་ནི་ཁྲིམས་དང་འགལ་ཡོད་ལ། དེས་ཆབ་སྲིད་ཀྱི་ལམ་ནས་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་པའི་འཕེལ་རིམ་ལ་བར་ཆད་བཟོ་སྲིད་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་བོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བུད་མེད་མགྲིན་ཚབ་པ་པེར་ན་ཏའེ་ཐི•མཱེ་ཧན་གྱིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་འདེམ་བསྐོ་བསྡུ་རྩིས་ཡོད་ཟེར་བའི་འཆར་གཞི་དེར་རྒོལ་གཏམ་གཏོང་བཞིན་ཡོད་ཅེས་བཤད་པ་མ་ཟད། འདེམ་བསྐོ་དེ་མེན་སི་ཁིའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ཀྱི་དགོངས་དོན་དང་རིང་དུ་འགལ་ཡོད་ཅེས་བཤད།

དེ་དང་མཉམ་དུ། ཝུའུ་ཁི་ལན་དང་འཇར་མན། ཧྥ་རན་སི་བཅས་ཀྱི་མགོ་ཁྲིད་པས་ཕུའུ་ཅིན་ལ་ཁ་པར་བཏང་ནས། འདེམ་བསྐོའི་མཇུག་འབྲས་ཁས་མི་ལེན་རྒྱུའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག