མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སི་རི་ཡའི་བྱང་ཕྱོགས་ཀྱི་མཐའ་མཚམས་གྲོང་རྡལ་ཁི་པ་ཉི་ལ་དཔུང་འཇུག་བྱེད་རྒྱུ་ཡིན་ཞེས་བསྒྲགས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-29 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་ཚེས་ཉེར་བདུན་ཉིན་དྲིལ་སྒྲོག་བརྙན་རིས་དུམ་བུ་ཞིག་བསྟན། རྩ་འཛུགས་དེས་བཙན་བཀག་བྱས་པའི་དབྱིན་ཇིའི་གསར་འགོད་པ་ཁན་ཐི་ལེ་ཟེར་བ་དེས་བརྙན་རིས་ནང་དུ་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱིས་སི་རི་ཡའི་མཐའ་མཚམས་གྲོང་རྡལ་ཁི་པ་ཉི་ལ་དཔུང་འཇུག་བྱེད་རྒྱུ་ཡིན་པ་དང་། འཐབ་འཁྲུག་མཇུག་མཐའི་དུས་རིམ་དུ་སླེབ་ཡོད་ཟེར། གསར་འགོད་པས་གསར་འགྱུར་འདི་སྤེལ་བའི་བར་དུ། སི་རི་ཡ་སྲིད་གཞུང་དང་ས་དེ་རུ་འཐབ་འཁྲུག་རྒྱག་བཞིན་པའི་ཁུའུ་ཨར་ཏི་དམངས་དམག་རྩ་འཛུགས་ཀྱིས་དོན་འདིའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད། གླེང་ཕྱོགས་ཐད་ནས་བལྟས་ན། བརྙན་རིས་དེ་ངོ་མ་ཡིན་མིན་ལ་དོགས་པ་ཟ་འོས་པ་དང་། དེ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱིས་ཡང་བསྐྱར་འུད་སྒྲོག་བྱས་པ་ཞིག་ཡིན་པར་འདོད།

རིང་ཐུང་ལ་སྐར་མ་ལྔ་ཙམ་ཡོད་པའི་བརྙན་རིས་དུམ་བུ་དེ་བར་སྣང་ནས་བརྙན་ཕབ་བྱས་པའི་བརྙན་རིས་ཤིག་ནས་མགོ་བརྩམས་ཡོད་ལ། བརྙན་རིས་ནང་དུ་མཁར་གྲོང་ཞིག་སྟོང་ལྷང་ལྷང་དུ་སྣང་བ་དང་། མཚམས་ལ་རེར་མེ་མདའི་སྐད་འགའ་ཡང་ཐོས་ཐུབ། བརྙན་རིས་ཀྱི་གཡས་ཀྱི་སྟེང་ཟུར་དུ་དེ་ནི་ཁ་ལོ་བ་མེད་པའི་གནམ་གྲུས་བརྙན་ཕབ་བྱས་པ་མངོན་ཡོད། ཁན་ཐི་ལེ་ཟེར་བ་དེ་ནི་ཉིས་སྟོང་བཅུ་གཉིས་ལོའི་ལོ་མཇུག་ཏུ་བཙན་ཁྲིད་བྱས་པ་རེད། བརྙན་རིས་ནང་དུ་ཁན་ཐི་ལེ་ཡིས་ལྭ་ནག་པོ་གོན་ནས་གསར་འགོད་པས་མཚམས་སྦྱོར་བྱེད་པའི་ཚུལ་གྱིས་དབྱི་སི་ལན་རྒྱལ་ཁབ་ཀྱི་འཐབ་མཆོག་པ་གྲོང་རྡལ་དེའི་དཀྱིལ་དབུས་སུ་ཐོན་པ་མ་ཟད། ཤར་ཕྱོགས་དང་ལྷོ་ཕྱོགས་ས་ཆ་དབང་དུ་བཟུང་ཡོད་ལ། གསར་འགྱུར་ལས་ཁུངས་མང་བོས་བསྒྲགས་པའི་གནས་ཚུལ་དང་མི་འདྲ་བ་ནི། ས་དེའི་འཐབ་འཁྲུག་མཇུག་མཐའི་དུས་རིམ་དུ་སླེབ་ཡོད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཀྱིས་ད་ལྟ་གཙང་བཤེར་བྱེད་བཞིན་པའི་སྒང་ཡིན་ཞེས་བཤད་ཡོད། ཁན་ཐི་ལེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་མགོ་ཁྲིད་པའི་བར་སྣང་གི་འཇབ་རྒོལ་དང་དེའི་འཐུས་ཚབ་དམག་དཔུང་གིས་ས་དེ་ནས་དབྱི་སི་ལན་རྒྱལ་ཁབ་འགོག་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཨ་མེ་རི་ཁས་ཁུའུ་ཨར་ཏི་རིགས་ལ་བར་སྣང་ནས་འཕངས་པའི་མཚོན་ཆ་འཕྲོག་ཡོད་ཟེར།

ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ལས་ཁུངས་ཀྱི་སྔོན་ཆད་ཀྱི་དཔོན་རིགས་ཧྥེ་ལེ་ཕུའུ་ཡིས་བལྟས་ན། དེ་ནི་དབྱི་སི་ལན་རྒྱལ་ཁབ་ཀྱིས་འུད་སྒྲོག་བྱས་པ་ཁོ་ན་ཡིན་པར་འདོད་དེ། ནུབ་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ས་དེའི་འཐབ་འཁྲུག་ཁྲོད་ཕམ་ཁ་ཆེན་པོ་མྱངས་པ་སྒྲོག་བཞིན་པས། དབྱི་སི་ལན་རྒྱལ་ཁབ་ཅེས་པས་དེར་བསྟུན་གྱི་ལན་ཞིག་བཏབ་པ་ཡིན་སྲིད་ཟེར། ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་གསར་འགོད་པ་ཝོ་ཧྲི་ཡིས་བལྟས་ན། བརྙན་རིས་དེ་ནི་གཟའ་འཁོར་གཅིག་གི་སྔོན་ལ་བརྙན་ཕབ་བྱས་པ་ཡིན་སྲིད་ལ། སྐབས་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཨ་མེ་རི་ཁས་བར་སྣང་ནས་འཕངས་པའི་མཚོན་ཆ་འཕྲོག་པས་ང་རྒྱལ་གྱིས་ཁེངས་ཡོད་ཟེར། ཨ་མེ་རི་ཁའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཁུའུ་ཨར་ཏིའི་མཐོ་རིམ་མགོ་ཁྲིད་པ་ཞིག་གིས་དབྱི་རག་གི་ཁུའུ་ཨར་ཏི་དམངས་དམག་ཉིན་དེ་དང་ཡང་ན་ཚེས་ཉེར་དགུ་ཉིན་ཁི་པ་ཉི་ལ་ཐོན་ནས་ས་དེའི་ཁུའུ་ཨར་ཏི་རིགས་ལ་རྒྱབ་རོགས་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པར་འགོག་རྒོལ་བྱེད་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཚེས་ཉེར་དྲུག་ཉིན་དང་ཚེས་ཉེར་བདུན་ཉིན་གཉིས་ལ། ཨ་མེ་རི་ཁས་གཙོ་ཁྲིད་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པར་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་འབྲེལ་གྱིས་ཁི་པ་ཉི་ནས་རྩ་འཛུགས་དེར་ཐེངས་བཞི་ལ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། དམིགས་འབེན་གྱི་ཁྲོད་དུ་དེའི་འགྲིམ་འགྲུལ་སྐྱེལ་འདྲེན་ལག་ཆ་དང་རྩ་འཛུགས་དེས་དབང་དུ་བཟུང་བའི་ཁང་བ་སོགས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག