མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་འཇར་པན་གྱི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་ལ་སྔར་བཞིན་འགལ་བ་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-28 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་ལ་ཞུགས་པའི་ཉོ་ཚོང་འཐུས་མིས་ཚེས་ཉེར་བདུན་ཉིན་བསྟན་དོན། ཞེ་ནེ་ནས་བསྡུས་པའི་སྐོར་ཐེངས་གསར་བའི་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད་ཀྱང་། ཨ་མེ་རི་ཁ་དང་འཇར་པན་གཉིས་བར་ཚོང་རའི་ཞུགས་ཚད་སོགས་གནད་དོན་ཐད་ནས་འགལ་བ་ཡོད་ཟེར།

ཨོ་སི་ཁྲུ་ལི་ཡཱའི་ཉོ་ཚོང་དང་དངུལ་གཏོང་པུའུ་ཀྲང་ལོ་པུའུ་ཡིས་བཤད་རྒྱུར། གྲོས་མཐུན་ཞིག་དངོས་སུ་བཀོད་ཡོད་པ་དང་བྱ་བ་དེ་མཇུག་སྒྲིལ་བར་རེ་བ་ཡོད་ཟེར། ལོ་པུའུ་ཡིས་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་གྱིས་ཞེ་ནེ་ནས་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་བར་གདེང་འཇོག་བྱེད་སྐབས་བཤད་རྒྱུར། ང་ཚོས་རྒྱུས་ལོན་པ་ལྟར་ན་ཕྱོགས་སོ་སོས་ཤེས་བྱའི་ཐོན་དབང་དང་ཚོང་རའི་ཞུགས་ཚད། རྒྱལ་དབང་ཁེ་ལས་སོགས་ཁྱབ་ཁོངས་ནས་དཀའ་སྡུག་གི་ཆོད་དོན་རེ་འགའ་འདོན་པར་གྲ་སྒྲིག་བྱས་ཡོད་ཟེར།

འཇར་པན་གྱི་དཔལ་འབྱོར་ནོར་སྲིད་སྲིད་ཇུས་ཀྱི་བློན་ཆེན་ཀན་ལེ་མེན་ཙེ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་པན་དང་ཨ་མེ་རི་ཁའི་བར་མིག་སྔར་ཚོང་རའི་ཞུགས་ཚད་ཐད་ནས་གྲོས་མཐུན་འགོད་ཐབས་མེད་པ་དང་། རྒྱལ་ཁབ་གཉི་ག་ཡིད་ཚིམས་པའི་མཇུག་འབྲས་ཤིག་འབྱུང་བར་རེ་བ་བྱས་ཡོད་ལ། དེའི་ཆེད་དུ་ཕྱོགས་གཉིས་ཀྱིས་ཞིབ་ཏུ་གྲོས་མོལ་བྱེད་དགོས་ཟེར།

ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ཧྥོ་ལོ་མན་གྱིས་བཤད་རྒྱུར། ང་ཚོས་ཚོང་རའི་ཞུགས་ཚད་གནད་དོན་ཐད་ནས་མཇུག་མཐའི་གྲོས་མཐུན་བཀོད་མེད་པས། ཡིད་ཚིམས་པའི་གྲུབ་འབྲས་ཤིག་ལོན་པར་ད་རུང་བྱ་བ་མང་བོ་བསྒྲུབ་དགོས་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཨ་མེ་རི་ཁས་འཇར་པན་གྱིས་ཞིང་ཞོར་ཐོན་རྫས་ཀྱི་ནང་འདྲེན་ཚད་བཀག་རིམ་པ་ཇེ་དམའ་རུ་གཏོང་དགོས་པར་བཤད་ཀྱང་། འཇར་པན་གྱིས་རྒྱལ་ཁབ་རང་གི་ཕག་ཤ་དང་། སྐམས་ཤ། འོ་ཞོའི་ཟས་རིགས། ཀ་རའི་ཐོན་སྐྱེད་ཚོང་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། ཐོན་རྫས་དེ་དག་ལ་ཕྱི་རྒྱལ་ཐོན་རྫས་ཀྱི་གནོད་སྐྱོན་ཐེབས་པར་སྔོན་འགོག་བྱེད་འདོད་པ་རེད།

ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་ནི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དུ་གཞི་རྒྱ་ཆེ་བའི་རང་དབང་ཉོ་ཚོང་ས་ཁུལ་ཞིག་འཛུགས་པར་དམིགས་པའི་རྒྱལ་སྤྱིའི་གྲོས་ཆོད་ཅིག་ཡིན་པ་དང་། མིག་སྔར་བསྡོམས་པས་རྒྱལ་ཁབ་བཅུ་གཉིས་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་འཐབ་ཇུས་དཔལ་འབྱོར་གྲོགས་པོའི་གྲོས་ཆོད་ཀྱི་གྲོས་མོལ་ལ་ཞུགས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག