མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཐུ་ནི་ཞི་ཡཱའི་གྲོས་ཁང་གིས་འདེམ་བསྐོ་བྱས་པར་རྟེན་འབྲེལ་ཞུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-28 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་བདུན་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཐུ་ནི་ཞི་ཡཱའི་གྲོས་ཁང་གིས་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྟེན་འབྲེལ་ཞུས།

གསལ་སྒྲོག་ནང་བཤད་རྒྱུར། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ནི་ཐུ་ནི་ཞི་ཡཱའི་མ་འོངས་པར་མཚོན་ན་རིམ་པ་གལ་ཆེན་ཞིག་ཡིན་པ་དང་། དེ་རྒྱལ་ཁབ་དམངས་གཙོའི་བར་བརྒལ་ཁྲོད་ཀྱི་ཐག་གཅོད་རང་བཞིན་ལྡན་པའི་ལམ་ཚད་རྡོ་རིང་ལྟ་བུ་ཡིན། སྐབས་འདིར་རེ་བས་ཁེངས་ཡོད་ཀྱང་སྐབས་གསར་བའི་སྲིད་གཞུང་དེ་སྔར་བཞིན་ལས་འགན་མང་བོར་འཕྲད་ཡོད་ཟེར། ཕན་ཅི་ཝུན་གྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུ་ནི་ཞི་ཡཱ་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཐུ་ནི་ཞི་ཡཱའི་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཚེས་ཉེར་དྲུག་ཉིན་མཇུག་སྒྲིལ་བ་དང་། མིག་སྔར་འདེམ་ཤོག་རྩིས་ལེན་བྱེད་པའི་བྱ་བ་མགོ་བརྩམས་ཡོད། ཐེངས་འདིའི་གྲོས་ཁང་གི་འདེམ་བསྐོའི་ཐོག་མའི་མཇུག་འབྲས་དེ་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་བར་ཁྱབ་སྒྲོག་བྱེད་རྒྱུ་ཡིན་པ་དང་། ཆེས་མཇུག་མཐའི་མཇུག་འབྲས་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞིའི་སྔོན་ལ་ཁྱབ་སྒྲོག་བྱེད་རྒྱུ་རེད།

ཉིས་སྟོང་བཅུ་གཉིས་ལོའི་ཚུན་ལ། ཐུ་ནི་ཞི་ཡཱའི་གནས་བབ་བརྟན་འཇགས་མིན་པའི་སྣང་ཚུལ་བྱུང་བ་དང་། རྒྱལ་ཡོངས་སུ་ཐེངས་མང་བོར་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་བྱ་འགུལ་བྱུང་། ད་ལོའི་ཟླ་དྲུག་པར། ཐུ་ནི་ཞི་ཡཱའི་ཆབ་སྲིད་ཕྱོགས་ཁག་སོ་སོས་རྒྱལ་ཡོངས་གྲོས་མོལ་ལ་བརྟེན་ནས་གྲོས་ཁང་གསར་བའི་འདེམ་བསྐོ་དང་ཙུང་ཐུང་གི་འདེམ་བསྐོའི་དུས་ཚོད་གཏན་འཁེལ་བྱས། ཐེངས་འདིར་འདེམ་ཤོག་འཕང་ནས་བདམས་པའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་སྔོན་ཆད་ཀྱི་བར་བརྒལ་རང་བཞིན་ལྡན་པའི་རྩ་ཁྲིམས་གཏན་འབེབས་གྲོས་ཁང་གི་ཚབ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག