མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨེ་པའོ་ལཱ་རིམས་ནད་ཀྱི་སྨན་བཅོས་མི་སྣ་ཕྱིར་རྒྱལ་ནང་དུ་ལོག་རྗེས་ཚད་བཀག་ཐེབས་པར་སེམས་ཁུར་བྱེད་བཞིན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-28 10:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་བདུན་ཉིན་རྒྱལ་ཁབ་དང་ས་ཁུལ་རེ་འགས་ཨེ་པའོ་ལཱ་རིམས་ནད་བྱུང་ས་ནས་ཕྱིར་ལོག་པའི་མི་སྣ་དང་ཁྱད་པར་དུ་སྨན་བཅོས་མི་སྣར་ལུགས་དང་མི་མཐུན་པའི་ཚད་བཀག་བྱེད་ཐབས་ལག་བསྟར་བྱས་པར་སེམས་ཁུར་བྱེད་བཞིན་ཡོད།

དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་ཕན་ཅི་ཝུན་གྱི་གསལ་སྒྲོག་སྒྲོག་འདོན་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཚད་བཀག་བྱེད་ཐབས་ལག་བསྟར་བྱེད་པ་དེས་ཨེ་པའོ་ལཱ་རིམས་ནད་ཀྱི་ལས་རྐང་དང་པོར་ཡོད་པའི་སྨན་བཅོས་མི་སྣར་གནོན་ཤུགས་ཆེན་པོ་བཟོས་ཡོད་ཅིང་། བྱ་བ་དེར་ཞུགས་པའི་སྨན་བཅོས་མི་སྣ་ནི་ཆེས་ཕུལ་དུ་བྱུང་བ་ཏག་ཏག་ཡིན་པས་ལུགས་དང་མི་མཐུན་པའི་ཚད་བཀག་དེ་འདྲ་ཐེབས་མི་རུང་ལ། ནད་དུག་འགོས་པའི་སྨན་བཅོས་མི་སྣར་རྒྱབ་སྐྱོར་བྱེད་དགོས་པ་ལས་བརྙས་དམོད་བྱེད་མི་རུང་ཟེར།

གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་ཨེ་པའོ་ལཱ་རིམས་ནད་ཀྱི་འགོ་མཚམས་གཅོད་པའི་བྱེད་ཐབས་ཆེས་བཟང་བོ་ནི་ཨ་ཧྥེ་རི་ཁ་ནུབ་མའི་མགོ་ཁུངས་གཅོད་རྒྱུ་ཡིན་པ་དང་། དེར་རྒྱལ་སྤྱིའི་སྨན་བཅོས་མི་སྣ་མང་བོའི་རྒྱབ་སྐྱོར་ཐོབ་དགོས། རྒྱབ་སྐྱོར་དེའི་དྲིན་ལན་གྱི་ཚུལ་དུ་ང་ཚོས་ཁོ་ཚོར་བདག་སྐྱོང་བྱེད་པའི་འོས་འགན་ཡོད་ཟེར།

ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་གསར་བ་ལྟར་ན། ཐེངས་འདིའི་རིམས་ནད་ཁྲོད་བསྡོམས་པས་སྨན་བཅོས་མི་སྣ་བཞི་བརྒྱ་དང་ལྔ་བཅུ་ལ་ཨེ་པའོ་ལཱ་རིམས་ནད་ཀྱི་ནད་དུག་འགོས་པ་དང་། དེའི་ནང་མི་ཉིས་བརྒྱ་དང་ཞེ་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག