མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱི་རྒྱལ་བོས་ཅོར་ཏན་གྱིས་དབྱི་རག་ཏུ་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:10

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་ཡིས་ཚེས་ཉེར་དྲུག་ཉིན་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ལ་ཐུག་འཕྲད་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། ཅོར་ཏན་གྱིས་དབྱི་རག་ཏུ་བདེ་འཇགས་དང་བརྟན་འཇགས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཅོར་ཏན་གྱི་རྒྱལ་བོའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལཱ་ཡིས་ཨ་པཱ་ཏིས་དང་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཅོར་ཏན་གྱིས་དབྱི་རག་གི་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར། ཅོར་ཏན་གྱིས་དབྱི་རག་མི་དམངས་ཀྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བྱས་ཏེ། ཧུར་ཐག་སྒོས་དབྱི་རག་གི་ཕྱོགས་ཁག་སོ་སོའི་བར་གྱི་འཆམ་མཐུན་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་ཉམས་ཉེན་གྱི་འཕེལ་རྒྱས་གསར་བར་གྲོས་བསྡུར་བྱས་པ་དང་། གང་མགྱོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱས་ཏེ། སི་རི་ཡཱའི་མངའ་ཁོངས་ཆ་ཚང་བ་དང་མི་དམངས་མཐུན་སྒྲིལ་ཡོང་བར་སྲུང་སྐྱོབ་བྱེད་དགོས་པ་ནན་བཤད་བྱས།

ཅོར་ཏན་དང་དབྱི་རག་གི་འབྲེལ་བ་གླེང་སྐབས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་དང་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་པ་དང་། ཁྱད་པར་དུ་དཔལ་འབྱོར་དང་དངུལ་གཏོང་། ནུས་ཁུངས། འགྲིམ་འགྲུལ་སོགས་ཀྱི་མཉམ་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་བསྟན་དོན། མུ་མཐུད་དུ་ཕྱོགས་གཉིས་ཀྱིས་མཐུན་སྦྱོར་དང་གྲོས་མོལ་བྱས་ཏེ་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ས་ཁུལ་རང་གི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པའི་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཨ་པཱ་ཏིས་ཀྱིས་དབྱི་རག་དང་ཅོར་ཏན་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། ཅོར་ཏན་དབྱི་རག་མི་དམངས་ཀྱི་ཕྱོགས་ནས་ལངས་པའི་ལངས་ཕྱོགས་ལ་གཟེངས་བསྟོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག