མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྤུས་ཞན་ཟས་རིགས་དང་སྨན་རྫས་ཀྱི་འཛམ་གླིང་ཡོངས་ཀྱི་ནག་ཉེས་དྲ་རྒྱ་གྲུབ་པ་དང་ཆེད་མཁས་པ་བཅུ་དྲུག་གིས་རྒྱལ་སྤྱིའི་སྤྱི་ཆིངས་བཀོད་ནས་ཚོད་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-27 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བཅུ་དྲུག་གི་འཐུས་མིས་ཀྲུང་གོའི་པེ་ཅིན་གྲོང་ཁྱེར་དུ་ཟས་རིགས་དང་སྨན་རྫས་ཀྱི་འཛམ་གླིང་ཡོངས་ཅན་གྱི་ནག་ཉེས་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པར་མཉམ་དུ་གྲོས་བསྡུར་བྱས། ཚང་མས་བལྟས་ན། འཛམ་གླིང་ཡོངས་ཅན་གྱི་སྤུས་ཞན་ཟས་རིགས་དང་སྨན་རྫས་ཀྱི་ནག་ཉེས་ཀྱིས་འཛམ་གླིང་ཧྲིལ་བོར་འཇིགས་ཉེན་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་གང་ཡང་དེའི་གནོད་པ་ལས་ཐར་ཐབས་མེད་པས། རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་གནད་དོན་དེ་ཐག་གཅོད་བྱེད་དགོས་པར་འདོད།

འཛམ་གླིང་ཡོངས་ཅན་གྱི་དུས་རབས་ནག་ཉེས་དང་ཉེས་ཁྲིམས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་སྐབས་དྲུག་པ་ཚེས་ཉེར་ལྔ་ཉིན་པེ་ཅིན་ནས་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དུག་རིགས་དང་ནག་ཉེས་ཚོད་འཛིན་གཞུང་སྒྲུབ་ཁང་དང་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས། ཀྲུང་གོའི་རྒྱལ་ཁབ་ཟས་རིགས་དང་སྨན་རྫས་ལྟ་རྟོག་དོ་དམ་སྤྱི་ཁྱབ་ཅུའུ། ཨ་མེ་རི་ཁའི་ཟས་རིགས་དང་སྨན་རྫས་ལྟ་རྟོག་དོ་དམ་ཅུའུ་སོགས་ལས་ཁུངས་ཀྱི་མཐོ་རིམ་མགོ་ཁྲིད་པ་དང་། ཨ་མེ་རི་ཁ་དང་ཧྥ་རན་སི། འཇར་མན་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་དྲུག་ནས་ཡོང་བའི་ནག་ཉེས་རིག་པ་དང་ཉེས་ཁྲིམས་རིག་པའི་ཆེད་མཁས་པ་མཉམ་དུ་འཛོམས་ཏེ། འཛམ་གླིང་ཡོངས་ཀྱི་སྤུས་ཞན་ཟས་རིགས་དང་སྨན་རྫས་ཀྱི་ནག་ཉེས་གནད་དོན་ཐག་གཅོད་བྱེད་པའི་ཐབས་ཇུས་ལ་མཉམ་དུ་གྲོས་བསྡུར་བྱས། གླེང་སྟེགས་དེའི་ཚོགས་ཡུན་ཉིན་གསུམ་ཡིན་པ་དང་ཚེས་ཉེར་བདུན་ཉིན་གྲོལ་རྒྱུ་རེད།

འཛམ་གླིང་ཡོངས་ཅན་གྱི་སྤུས་ཞན་ཟས་རིགས་དང་སྨན་རྫས་ནག་ཉེས་ཀྱི་གལ་ཆེན་རང་བཞིན་དང་ཁྱད་ཆོས། ཐབས་ཇུས་བཅས་ལ་དམིགས་ཏེ། ཆེད་མཁས་པ་དག་གིས་རྒྱལ་ཁབ་སོ་སོས་མཉམ་དུ་འབད་བརྩོན་བྱས་ཤིང་། འཛམ་གླིང་ཧྲིལ་བོ་ཅན་གྱི་སྤུས་ཞན་ཟས་རིགས་དང་སྨན་རྫས་ནག་ཉེས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཛམ་གླིང་ཡོངས་ཅན་གྱི་བཅའ་ཁྲིམས་གཏན་འཁེལ་བྱས་པའི་རྨང་གཞིའི་སྟེང་། སྤུས་ཞན་ཟས་རིགས་དང་སྨན་རྫས་ནག་ཉེས་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྒྱལ་སྤྱིའི་ཆིངས་ཡིག་ཅིག་མྱུར་དུ་འགོད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག