མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁ་དང་ཧྥེ་ལེ་པེན། འཇར་པན་བཅས་ཀྱི་མཚོ་དམག་གིས་ཐོག་དང་པོར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་གྱི་མཚོ་དམག་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཧྥེ་ལེ་པེན་དང་ཨ་མེ་རི་ཁ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱི་མཚོ་དམག་གིས་ཚེས་ཉེར་གཉིས་ཉིན་ལྷོ་ཕྱོགས་རྒྱ་མཚོ་ནས་དུས་ཡུན་ཉིན་གཉིས་ཀྱི་མཚོ་ཐོག་གི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤལེ་མགོ་བརྩམས་ཟེར། ཧྥེ་ལེ་པེན་གྱི་མཚོ་དམག་གི་མགྲིན་ཚབ་པ་ཏའོ་མེན་ཀི་ཡིས་བཤད་རྒྱུར། དེ་ནི་ཧྥེ་ལེ་པེན་མཚོ་དམག་གིས་ཐོག་དང་པོར་འཇར་པན་དང་ཨ་མེ་རི་ཁ་གཉིས་དང་མཉམ་དུ་སྤེལ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་ཡིན་ཟེར།

ཧྥེ་ལེ་པེན་མཚོ་དམག་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཆེ་རྒྱུ་མེད་ལ། ཧྥེ་ལེ་པེན་གྱི་མཚོ་དམག་དང་འཇར་པན་གྱི་མཚོ་ཐོག་རང་སྲུང་རུ་ཁག ཨ་མེ་རི་ཁའི་མཚོ་དམག་བཅས་ཀྱིས་དམག་གྲུ་གཅིག་རེ་མངག་གཏོང་བྱས་ཡོད་པ་དང་། སྦྱོང་བརྡར་བྱེད་པའི་ནང་དོན་ལ་རུ་སྒྲིག་སྦྱོང་བརྡར་དང་ཡུལ་དངོས་ནས་མདའ་འཕེན་བྱེད་པའི་སྦྱོང་བརྡར། མཚན་མོའི་འཕྲིན་གཏོང་སྦྱོང་བརྡར་བཅས་འདུས།

ཨ་མེ་རི་ཁ་དང་འཇར་པན་ནི་ཧྥེ་ལེ་པེན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ལྡན་པའི་རྒྱལ་ཁབ་ཡིན་ཞིང་། དུས་ཡུན་རིང་བོར་ཧྥེ་ལེ་པེན་དང་ཨ་མེ་རི་ཁའི་བར་དམག་དོན་གྱི་མཉམ་ལས་འབྲེལ་བ་བཟང་བོ་སྲུང་འཛིན་བྱས་ཡོད། ཉེ་བའི་ལོ་འགའི་རིང་། ཧྥེ་ལེ་པེན་དང་འཇར་པན་བར་གྱི་དམག་དོན་མཉམ་ལས་ཀྱང་ཉིན་རེ་བཞིན་ཇེ་རྒྱས་སུ་འགྲོ་བཞིན་ཡོད། ཡིན་ཡང་རྒྱལ་ཁབ་གསུམ་གྱི་མཚོ་དམག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་ཐོག་མ་རེད། དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་ཆེ་རྒྱུ་མེད་ཀྱང་དེར་མཚོན་དོན་གཏིང་ཟབ་མོ་ཡོད་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག