མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་རག་ལ་མི་ཆོས་རིང་ལུགས་ཀྱི་ཞལ་འདེབས་འབུལ་བའི་མ་དངུལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་ལ་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་བཏང་།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-25 10:26

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གཉིས་བཏང་ནས་དབྱི་རག་གི་འཁྲུག་རྩོད་ཀྱི་གནོད་པ་ཐེབས་པའི་མི་གྲངས་ས་ཡ་ལྔ་དང་འབུམ་གཉིས་ཀྱི་ད་ལོའི་སྲུང་སྐྱོབ་དང་མི་ཆོས་དགོས་མཁོ་བསྐང་བའི་ཐད་བཀོལ་དགོས་པའི་འབོད་སྐུལ་བཏང་།

དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་གསུམ་པར་དབྱི་རག་ལ་འཐབ་ཇུས་ཐག་གཅོད་ཀྱི་འཆར་གཞིར་དམིགས་ཏེ་མ་དངུལ་ཇེ་མང་དུ་བཏང་བ་ཡིན་པ་དང་། དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་མི་ཆོས་རིང་ལུགས་རོགས་སྐྱོར་གྱི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱིས་མུ་མཐུད་དུ་དབྱི་རག་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་དེས་ཉིས་སྟོང་བཅོ་ལྔ་ལོར་མངའ་ཁོངས་རང་གི་མི་གྲངས་ས་ཡ་ལྔ་དང་འབུམ་གཉིས་ཀྱི་མི་ཆོས་རིང་ལུགས་དང་སྲུང་སྐྱོབ་དགོས་མཁོ་ཕན་ནུས་ལྡན་པར་ཐག་གཅོད་བྱེད་པར་རོགས་རམ་བྱེད་པའི་ཆེད་དུ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་ན། དབྱི་རག་ཏུ་མིག་སྔར་བསྡོམས་པས་མི་ས་ཡ་གཉིས་དང་འབུམ་བརྒྱད་ལ་འབྲུ་རིགས་ཀྱི་རོགས་སྐྱོར་མཁོ་བ་དང་། མི་འབུམ་བརྒྱད་ལ་སྡོད་ཁང་མྱུར་དུ་མཁོ། ཧ་ལམ་མི་ས་ཡ་གཅིག་དང་འབུམ་གཉིས་ལ་ལྭ་བ་དྲོན་པོ་དང་ལྷམ་སོགས་དགུན་བསྐྱལ་བའི་དངོས་རྫས་མཁོ་ཟེར།

ཐེངས་འདིར་བཟོ་བཅོས་བྱ་བ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་མི་ཆོས་རིང་ལུགས་ཀྱི་ལས་ཁུངས་བཞི་བཅུ་ལྷག་གིས་མཉམ་དུ་སྤེལ་བ་ཡིན་ལ། ལས་ཁུངས་དེ་དག་གིས་དབྱི་རག་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་མི་གྲངས་ལ་ཟས་རིགས་དང་དངོས་རྫས་འདོན་སྤྲོད་བྱེད་པ་དང་། སྲུང་སྐྱོབ་དང་སློབ་གསོ། སྨན་བཅོས་སོགས་ཀྱི་ཐད་ནས་རོགས་སྐྱོར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག