མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇི་ཡིས་མྱུལ་ཞིབ་གནམ་གྲུ་མངག་སྟེ་སི་རི་ཡཱ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་གསང་འཕྲིན་བསྡུ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-24 10:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། དབྱིན་ཇི་རྒྱལ་ཁབ་ཀྱིས་མྱུལ་ཞིབ་གནམ་གྲུ་དང་མི་བསྡད་མེད་པའི་གནམ་གྲུ་སི་རི་ཡཱའི་མཁའ་ཁོངས་སུ་མངག་སྟེ་དུས་ཡུན་ཐུང་ངུའི་ནང་ལྟ་རྟོག་ལས་འགན་ལག་བསྟར་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འབྲེལ་ཡོད་གསང་འཕྲིན་འཚོལ་སྡུད་བྱེད་པར་ཆོག་མཆན་བཀོད།

དབྱིན་ཇིའི་རྒྱལ་སྲུང་བློན་ཆེན་ཧྥ་ལོན་གྱིས་བཤད་རྒྱུར། ང་ཚོ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། གནས་དེའི་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ལ་དོགས་ཟོན་བྱེད་དགོས་ལ། དབྱིན་ཇིའི་མི་བསྡད་མེད་པའི་གནམ་གྲུ་དང་མྱུལ་ཞིབ་གནམ་གྲུ་དེ་སི་རི་ཡཱའི་བར་སྣང་དུ་འཕུར་བསྐྱོད་བྱེད་རྒྱུ་ཡིན་ཟེར།

ཧྥ་ལོན་གྱིས་གྲོས་ཁང་ལ་སྤྲད་པའི་ཡིག་ཐོག་གི་གསལ་སྒྲོག་ཅིག་གི་ནང་། ཁོས་མི་བསྡད་མེད་པའི་གནམ་གྲུ་སི་རི་ཡཱ་ནས་བེད་སྤྱོད་བྱེད་པར་ཆོག་མཆན་ཐོབ་མི་སྲིད་པ་དང་། དེ་བེད་སྤྱོད་བྱེད་ན་གྲོས་ཁང་ནས་ཆོག་མཆན་ཐོབ་དགོས་ཟེར་ཡང་། ཆོག་མཆན་དེ་རིགས་ལ་རྒྱལ་སྲུང་པུའུ་ནང་ཁུལ་ནས་ཆོག་མཆན་འགོད་པའམ་ཡང་ན་གྲོས་ཁང་ནས་འདེམ་ཤོག་འཕེན་དགོས་པ་གསལ་བོ་མ་ཤེས།

ཧྥ་ལོན་གྱིས་གཟའ་འཁོར་སྔོན་མར་ཁྱབ་སྒྲོག་བྱས་དོན། དབྱིན་ཇི་ཡིས་དབུས་ཤར་ས་ཁུལ་དུ་མི་བསྡད་མེད་པའི་གནམ་གྲུ་མངག་གཏོང་བྱས་ཏེ། དབྱི་རག་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་མྱུལ་ཞིབ་ལས་འགན་ལག་བསྟར་བྱེད་བཞིན་ཡོད་ཟེར།

དབྱིན་ཇིའི་གྲོས་ཁང་གིས་ཟླ་སྔོན་མར་འདེམ་ཤོག་འཕང་སྟེ། དབྱི་རག་སྲིད་གཞུང་གིས་གདན་དྲངས་པ་ལྟར་དབྱི་རག་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་པར་ཆོག་མཆན་བཀོད་པ་དང་། དབྱིན་ཇིའི་ཕྱོགས་ཀྱིས་རླུང་འཚུབ་རྟགས་ཅན་གྱི་འཐབ་འཛིང་འགས་གཏོར་གནམ་གྲུ་དབྱི་རག་མངའ་ཁོངས་ཀ྄ཡི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ནང་ཞུགས་པའི་དབང་ཆ་བྱིན།

ཡིན་ན་ཡང་དབྱིན་ཇི་རྒྱལ་ཁབ་ཀྱིས་དེའི་སྔོན་སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་མ་བྱས། དབྱིན་ཇིའི་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། སི་རི་ཡཱའི་མངའ་ཁོངས་ཀྱི་དམིགས་འབེན་ལ་ཆམ་ཕབ་གཏོང་བར་གྲོས་ཁང་གིས་ཆོག་མཆན་ཐོབ་དགོས་ཟེར།  །

 

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག