མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་སྡོད་དམངས་ཚོགས་པས་སྲིད་གཞུང་གིས་བཙན་འཛུལ་གྱི་ལོ་རྒྱུས་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-22 10:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་སྡོད་དམངས་ཚོགས་པ་ཨེ་ཤ་ཡཱ་ཤར་མའི་སྡོད་དམངས་མཉམ་ལས་ཀྱིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཏུང་ཅིན་དུ་ཡོད་པའི་གྲོས་ཞུགས་ཁང་གི་གྲོས་ཁང་ནས་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་བཙན་འཛུལ་འཐབ་འཁྲུག་དང་མི་སེར་སྤེལ་བའི་ལོ་རྒྱུས་ཁས་ལེན་བྱེད་དགོས་པ་དང་། ལྷག་བསམ་རྣམ་དག་གིས་དགོངས་དག་ཞུས་ཤིང་སྐྱིན་ཚབ་སྤྲད་ན་ད་གཟོད་ཨེ་ཤ་ཡཱ་ཤར་མའི་ཞི་བདེ་མངོན་འགྱུར་བྱེད་ཐུབ་པའི་འབོད་སྐུལ་བཏང་།

ཨེ་ཤ་ཡཱ་ཤར་མའི་སྡོད་དམངས་མཉམ་ལས་ཀྱི་ལས་དོན་ཅུའུ་ཡི་ཐིན་པིན་ཐེ་ཁྲིན་གྱིས་འཇར་པན་སྤྱི་ཚོགས་ཀྱིས་འཐབ་འཁྲུག་ཡང་བསྐྱར་འབྱུང་བར་རེ་བ་གཏན་ནས་བྱེད་བཞིན་མེད་པ་དང་། འཇར་པན་སྲིད་གཞུང་གིས་འདས་པའི་བཙན་འཛུལ་འཐབ་འཁྲུག་དང་མི་སེར་སྤེལ་བའི་ལོ་རྒྱུས་ཐད་ནས་ལྷག་བསམ་རྣམ་དག་གིས་དགོངས་དག་ཞུ་དགོས་ལ། ལག་བསྟར་མ་བྱས་པའི་འཐབ་འཁྲུག་གི་འགན་ཁུར་ལ་སྐྱིན་ཚབ་གང་ལེགས་སྤྲད་ན་ད་གཟོད་ཨེ་ཤ་ཡཱའི་རྒྱལ་ཁབ་སོ་སོའི་བར་མཛའ་མཐུན་འབྲེལ་བ་འཛུགས་ཐུབ་ཟེར།

ལིག་ཁྱིག་སློབ་ཆེན་གྱི་མཚན་འཛིན་དགེ་རྒན་ཆེན་མོ་ཀའོ་ཏའོ་ཧྲིན་ཞིན་གྱིས་བསྟན་དོན། འཇར་པན་ལ་ཕམ་ཉེས་བྱུང་ནས་ལོ་ངོ་བདུན་ཅུ་འགོར་ལ་ཉེ་བའི་སྐབས་སུ་ལོ་རྒྱུས་ཀྱི་ངོས་ཟིན་གནད་དོན་ལ་ཡང་བསྐྱར་བསམ་བློ་བཏང་སྟེ། ཡང་དག་པའི་ལོ་རྒྱུས་ཀྱི་ངོས་ཟིན་ཆགས་པར་བྱེད་པ་དེ་འཇར་པན་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཡང་། ཡིད་འཕང་བ་ཞིག་ལ་འཇར་པན་གྱི་བསླབ་གཞི་མང་བོའི་ནང་འཇར་པན་དང་ཨེ་ཤ་ཡཱའི་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བ་གླེང་སྐབས་གནད་དོན་མང་བོ་ཡོད་པ་དང་། ཁྱད་པར་དུ་ལོ་རྒྱུས་ལ་བཟོ་བཅོས་བྱས་པའི་སྣང་ཚུལ་ཚབས་ཆེན་ཡོད། དེ་ནི་འཇར་པན་གྱི་མ་འོངས་པར་མཚོན་ན་གནོད་པ་ལས་ཕན་པ་ཅི་ཡང་མེད་ཟེར།

ཨེ་ཤ་ཡཱ་ཤར་མའི་སྡོད་དམངས་མཉམ་ལས་ཀྱི་ཁོངས་མི་མང་བོ་ཞིག་གིས་ཉིན་དེར་བསྟན་དོན། འཇར་པན་སྲིད་གཞུང་གིས་མཐོ་རིམ་དཔོན་རིགས་ཀྱིས་འདོད་སེལ་བུད་མེད་ཀྱི་གནད་དོན་ཁས་ལེན་མ་བྱས་པས་འཇར་པན་དང་ཉེ་འཁོར་གྱི་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་བ་སྔར་ལས་ཛ་དྲག་ཏུ་གྱུར། དེ་བས་གྲོང་ཁྱེར་དེའི་སྡོད་དམངས་ཚོགས་ཁག་གིས་བྱ་འགུལ་སྣ་ཚོགས་སྤེལ་ཏེ། འཇར་པན་སྲིད་གཞུང་དང་དམངས་ཚོགས་ཀྱིས་ཡང་དག་པའི་ལོ་རྒྱུས་ངོས་ཟིན་ཆགས་པར་བྱས་ཏེ་ཨེ་ཤ་ཡཱ་ཤར་མའི་ཞི་བདེ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག