མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་དང་ཨ་མེ་རི་ཁས་ཨེ་པའོ་ལཱ་རིམས་ནད་ཀྱི་སྔོན་འགོག་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-22 10:35

欧美加强埃博拉防控力度.jpg

  སུའེ་ཙེར་གྱི་རི་ནེ་ཝ་སློབ་ཆེན་གྱི་སྨན་ཁང་གིས་ཟླ་བཅུ་བའི་ཟླ་མཇུག་དང་ཟླ་བཅུ་གཅིག་པའི་ཟླ་མགོར་ཨེ་པའོ་ལཱ་རིམས་ནད་ཀྱི་འགོག་སྨན་མིའི་ལུས་ལ་ཚོད་ལྟ་བྱེད་རྒྱུ་རེད། འགོག་སྨན་དེ་ཁཱ་ནཱ་ཏཱའི་ཝུན་ནེ་པའོ་རྒྱལ་ཁབ་སྐྱེ་དངོས་ཕྲ་མོའི་ཚོད་ལྟ་ཁང་གིས་གསར་སྤེལ་བྱས་པ་རེད། ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན། གསར་འགོད་པས་སྨན་ཁང་དེའི་ཚོད་ལྟ་ཁང་དུ་ལྟ་སྐོར་བྱས་པ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་ཨེ་པའོ་ལཱ་རིམས་ནད་མུ་མཐུད་དུ་གང་སར་མཆེད་པར་བསམ་བློ་བཏང་སྟེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཚོད་འཛིན་ཤུགས་ཚད་ཇེ་ཆེར་བཏང་ནས་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨེ་པའོ་ལཱ་རིམས་ནད་ཀྱི་འགོག་སྨན་གསར་སྤེལ་ལ་ཆོག་མཆན་བཀོད་ཡོད། ནད་གཡོག་མ་གཉིས་ཀྱིས་ཨེ་པའོ་ལཱ་རིམས་ནད་བྱུང་བའི་ནད་པ་བདག་སྐྱོང་བྱེད་སྐབས་ནད་དུག་འགོས་པའི་གནས་ཚུལ་ལ་དམིགས་ཏེ། ཨ་མེ་རི་ཁའི་འཕྲོད་བསྟེན་སྡེ་ཁག་གིས་ཉིན་དེར་ཨེ་པའོ་ལཱ་རིམས་ནད་ཀྱི་འགོག་སྲུང་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཐག་བཅད།

  སྔར་ལས་མང་བའི་སྨན་ཁང་ཨེ་པའོ་ལཱ་རིམས་ནད་ཀྱི་འགོག་བཅོས་ལ་ཞུགས་པར་སྐུལ་མ་གཏོང་ཆེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྟབས་མ་ལེགས་པར་ནད་དུག་འགོས་པའི་རྒྱལ་སྤྱིའི་སྨན་བཅོས་མི་སྣར་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། གནས་ཚུལ་ལ་གཞིགས་ཏེ་ས་གནས་རང་ནས་གསོ་བཅོས་བྱེད་པའམ་ཡང་ན་རྒུད་སྐྱོབ་གྱེན་འཕུར་གནམ་གྲུ་བཀོལ་ནས་ས་ཆ་གཞན་པར་བསྐྱལ་ནས་གསོ་བཅོས་བྱེད་རྒྱུ་ཁས་ལེན་བྱས།

  ཉིན་དེར་ཡོ་རོབ་གླིང་སྨན་རྫས་དོ་དམ་ཅུའུ་ཡིས་བསྟན་དོན། ཨེ་པའོ་ལཱ་རིམས་ནད་ཀྱི་འགོག་སྨན་གསར་སྤེལ་བྱེད་པར་ཁས་ལེན་བྱས་པར་དམིགས་ཏེ། ལས་ཁུངས་དེས་འགོག་སྨན་དེའི་དཔྱད་འཇོག་བརྒྱུད་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་རེད། སྨན་རྫས་དེ་ནི་སྔོན་འགོ་དང་བརྟག་བཅོས། གསོ་བཅོས་བཅས་ཀྱི་ཐད་བཀོལ་བའི་སྨན་རྫས་དཀོན་པོ་ཞིག་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག