མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་དང་ཧན་གོའི་དམག་དོན་རྒྱལ་མཚམས་ཉེ་འདབས་ནས་སྐར་མ་བཅུ་ཙམ་གྱི་རིང་འཁྲུག་རྩོད་བྱུང་ཡང་མི་སྣ་ཤི་རྨས་བྱུང་མེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡི་དཔོན་པོས་བཤད་རྒྱུར། ཁྲའོ་ཞན་དང་ཧན་གོའི་དམག་མིས་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོར་ཅིན་ཅི་ལམ་གྱི་ཕའོ་ཀྲིག་གྲོང་ཁྱེར་གྱི་དམག་དོན་རྒྱལ་མཚམས་ཉེ་འདབས་ནས་ཡུན་ཚད་སྐར་མ་བཅུའི་རིང་འཁྲུག་རྩོད་བྱས་ཀྱང་། འཁྲུག་རྩོད་དེ་ལས་ཧན་གོའི་ཕྱོགས་ཀྱི་མི་སྣར་ཤི་རྨས་ཐེབས་མེད་པ་དང་། ཚོད་དཔག་བྱས་ན་ཁྲའོ་ཞན་ཕྱོགས་ལའང་མི་སྣ་ཤི་རྨས་བྱུང་མེད་ཟེར།

མིང་མ་བཤད་པའི་དཔོན་པོ་དེས་བཤད་རྒྱུར། ཉིན་དེའི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་བཅུའི་ཡས་མས་སུ། ཁྲའོ་ཞན་ག྄ཡི་དམག་མི་མང་བོ་ཞིག་ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་རྒྱལ་མཚམས་ཉེ་འདབས་སུ་བཅར་བ་དང་། ཧན་གོའི་ཕྱོགས་ཀྱིས་ཐེངས་མང་བོར་རྒྱང་སྒྲོག་ལས་ཉེན་བརྡ་བཏང་། ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་བཞི་བཅུའི་ཡས་མས་སུ། །ཧན་གོའི་ཕྱོགས་ཀྱིས་མེ་མདས་བརྒྱབ་ནས་ཉེན་བརྡ་བཏང་ཟེར།

དཔོན་པོ་དེས་བཤད་རྒྱུར། ཧན་གོའི་ཕྱོགས་ཀྱིས་མེ་མདས་རྒྱབ་རྗེས། ཁྲའོ་ཞན་ཕྱོགས་ཀྱིས་ཕྱིར་རྒོལ་ལན་སྤྲད། ཧན་གོའི་ཕྱོགས་ཀྱིས་སོ་ལྟ་ཁང་གི་ཉེ་འདབས་ནས་ཁྲའོ་ཞན་གྱིས་གཏོང་འཕེན་བྱས་པར་དོགས་པའི་མདེལ་ཤུན་གཉིས་རྙེད་པས་ཧན་གོའི་ཕྱོགས་ཀྱིས་ཁྲའོ་ཞན་ལ་མེ་མདས་རྒྱབ་ནས་རྒོལ་ལན་སྤྲད་པ་ཡིན་ལ། འཁྲུག་རྩོད་དེ་སྐར་མ་བཅུ་ཙམ་འགོར་བ་དང་མིག་སྔར་མཚམས་བཞག་ཡོད་ཟེར།

ཧན་གོའི་ཕྱོགས་ཀྱིས་འཁྲུག་རྩོད་ས་ཁུལ་ཉེ་འཁོར་གྱི་གནས་སྐོར་བ་དང་སྡོད་དམངས་གནས་གཞན་དུ་བསྐྱལ་བ་དང་། འགོག་སྲུང་ལ་ཤུགས་སྣོན་བྱས་ཡོད་ལ། མིག་སྔར་ད་རུང་ཁྲའོ་ཞན་དམག་ཕྱོགས་ཀྱི་རྒྱུན་ལྡན་མིན་པའི་གནས་ཚུལ་མཐོང་མེད་པ་དང་། དམག་དོན་རྒྱལ་མཚམས་ཉེ་འདབས་སུ་བཅར་བའི་ཁྲའོ་ཞན་གྱི་དམག་མི་དག་ཀྱང་ཕྱིར་འཐེན་བྱས། ཁྲའོ་ཞན་དམག་ཕྱོགས་དམག་དོན་རྒྱལ་མཚམས་ཀྱི་ཉེ་སར་བཅར་བའི་དམིགས་ཡུལ་གསལ་བོར་མི་ཤེས་པ་དང་། ཧན་གོའི་ཕྱོགས་ཀྱིས་བཤད་རྒྱུར། ཁོ་ཚོས་ཧན་གོའི་ཕྱོགས་ཀྱི་ཉམས་ཚོད་ལ་བརྟག་འདོད་པ་རེད་ཟེར།

མིག་སྔར་ཁྲའོ་ཞན་གསར་འགྱུར་ལས་རིགས་ཀྱིས་འཁྲུག་རྩོད་བྱས་པའི་འབྲེལ་ཡོད་གནས་ཚུལ་ཅི་ཡང་བསྒྲགས་མེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག