མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བལ་བོར་གངས་རླུང་གི་འཇིགས་པ་ཐེབས་ཏེ་མི་ཞེ་གསུམ་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བལ་བོའི་དཔོན་རིགས་མང་བོས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། རྒུད་སྐྱོབ་མི་སྣས་ཉིན་དེར་བེམ་པོ་བཅུ་གཅིག་རྙེད་པས། ཐེངས་འདིའི་ཧི་མ་ལ་ཡའི་ལྷོ་བརྒྱུད་ས་ཁུལ་དུ་བྱུང་བའི་གངས་རླུང་དང་གངས་ཉིལ་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་ཞེ་གསུམ་ལ་བསླེབས། དེ་ནི་རྒྱལ་ཁབ་དེར་བྱུང་བའི་ཆེས་ཚབས་ཆེ་བའི་གངས་གནོད་ཅིག་རེད།

བལ་བོར་གཟའ་འཁོར་འདིའི་ནང་རྒྱུན་ལྡན་མིན་པའི་ནམ་ཟླ་བྱུང་ཞིང་། རྒྱལ་ནང་གི་ས་ཁུལ་མང་ཆེ་བར་ཆར་བ་བབས་པའི་སྣང་ཚུལ་བྱུང་བ་དང་། ས་བབ་མཐོ་བའི་ས་ཁུལ་རེ་འགར་གངས་རླུང་དང་གངས་ཉིལ་བའི་གནོད་པ་ཐེབས། ཟླ་བཅུ་བ་ནི་བལ་བོའི་གནས་སྐོར་ལས་རིགས་དར་རྒྱས་ཆེ་བའི་དུས་ཚིགས་ཡིན་པའི་དབང་གིས་འགྲུལ་བ་མང་བོ་རི་ཁུལ་དུ་ཡོད་པས་གངས་རླུང་གི་གནོད་པ་ཐེབས་པའི་གནས་སྐོར་བ་བགྲང་ལས་འདས་པ་ཡོད།

རྒུད་སྐྱོབ་བྱ་བའི་འགན་ཁུར་བའི་བལ་བོའི་གནས་སྐོར་ཁང་མཐུན་ཚོགས་ཀྱི་དཔོན་པོ་ཕན་ཏིས་ཀྱིས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་ཚེས་བཅོ་བརྒྱད་ཉིན་ཏའོ་པའོ་དང་མུའུ་སི་ཐང་ས་ཁུལ་གྱི་འབྲེལ་མཚམས་སུ་བལ་བོའི་མིའི་བེམ་པོ་དགུ་རྙེད་པ་དང་། འཛམ་གླིང་གི་གངས་རྩེ་བཅུའི་ཡ་གྱལ་དུ་གྱུར་བའི་ཨན་ནཱ་པུའུ་ཨར་གངས་རྩེའི་སྐོར་ལམ་ནས་འཇར་པན་གྱི་གནས་སྐོར་བ་གཉིས་ཀྱི་བེམ་པོ་རྙེད་ཟེར།

མིག་སྔར་ད་རུང་གར་སོང་མ་རྙེད་པའི་མི་གྲངས་ག་ཚོད་ཡོད་པ་གསལ་བོར་མི་ཤེས་ལ། ཤི་བོའི་མི་གྲངས་སྔར་ལས་ཇེ་མཐོར་འགྲོ་སྲིད། དམག་ཕྱོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། མི་བཞི་བཅུ་ལྷག་གར་སོང་རྙེད་མེད་ཟེར་བ་དང་། བལ་བོའི་ནང་སྲིད་པུའུ་ཡིས་བཤད་པ་ལྟར་ན། ཉུང་མཐར་ཡང་གནས་སྐོར་བ་སོ་ལྔ་དང་བལ་བོའི་མི་སུམ་ཅུ་གར་སོང་རྙེད་མེད་ཟེར།

རྒུད་སྐྱོབ་བྱ་བ་སྤེལ་ནས་ཉིན་བཞིའི་རིང་། རྒུད་སྐྱོབ་མི་སྣར་ཁ་པར་མང་བོ་འབྱོར་བ་དང་། མི་སུམ་བརྒྱ་དང་གྱ་ལྔ་བདེ་བླག་ངང་བསྐྱབས་ཡོད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། རྒུད་སྐྱོབ་མི་སྣ་དྲུད་པའི་གྱེན་འཕུར་གནམ་གྲུ་བཅུ་གཉིས་ཀྱིས་སྔོག་བཤེར་བྱེད་བཞིན་ཡོད་པ་དང་། བལ་བོའི་དམག་ཕྱོགས་ཀྱིས་དམག་མི་མངག་ནས་རྒུད་སྐྱོབ་བྱ་བར་ཞུགས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག