མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་ཁུའུ་ཨར་ཏི་དྲག་ཆས་པས་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 11:01

图为10月18日一位叙利亚妇女坐在临时帐篷门口。.jpg

  དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་ཁུའུ་ཨར་ཏི་དྲག་ཆས་པའི་འཁྲུག་རྩོད་ཀྱི་ཤུགས་རྐྱེན་དབང་གིས་སི་རི་ཡཱའི་ཁི་པཱ་ནེ་ས་ཁུལ་གྱི་སྡོད་དམངས་མང་བོ་ཐུར་ཁེའི་སང་ལེ་ཝུའུ་ཨར་ཧྥ་ཡུལ་གྱར་བའི་སྒར་སར་ཡོང་བ་དང་། པར་འདི་ནི་ཟླ་བཅུ་བའི་ཚེས་བཅོ་བརྒྱད་ཉིན་སི་རི་ཡཱའི་བུད་མེད་ཅིག་གནས་སྐབས་ཀྱི་རས་གུར་སྒོ་ཁར་སྡོད་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་པུའུ་ལོན་ཏོན་དུ་ཡོད་པའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་གིས་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཚེས་བཅོ་བརྒྱད་ཉིན་སི་རི་ཡཱའི་བྱང་ཕྱོགས་ཀྱི་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་གྱི་ཨེ་ཡུན་ཨ་རབ་གྲོང་རྡལ་དུ་སྒྱོགས་མདེལ་ཞེ་བཞི་ལྷག་འཕང་བར་མ་ཟད། ས་དེ་སྲུང་བའི་ཁུའུ་ཨར་ཏི་དམངས་དམག་གི་སྒར་སར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེངས་གཉིས་བྱས་ཏེ། མི་འགར་ཤི་རྨས་ཐེབས། ཚེས་བཅུ་བདུན་དང་བཅོ་བརྒྱད་ཉིན། ཉུང་མཐར་ཡང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བདུན་ཅུ་ལྷག་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

  ཁཱ་ཐར་ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་འཇབ་རྒོལ་གྱི་འགེབ་སྲུང་འོག ཁུའུ་ཨར་ཏི་དམངས་དམག་གིས་ཚེས་བཅོ་བརྒྱད་ཉིན་གྲོང་རྡལ་དེའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་ས་ཁུལ་ཁག་ཅིག་ཕྱིར་འཕྲོག་པ་དང་། དེའི་ནང་ནུབ་མཐའི་རླུང་འཕྲིན་ཁང་གི་ཐོག་ཁང་ཆེན་མོ་ཞིག་ཀྱང་འདུས། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་ད་རུང་སི་རི་ཡཱའི་ཧཱ་སེ་ཁི་ཞིང་ཆེན་དང་ཏའེ་ཨར་ཙུའུ་ཨར་ཞིང་ཆེན། བྱང་ཕྱོགས་ས་ཁུལ་བཅས་སུ་བར་སྣང་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་ཟེར།

  དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཟླ་དགུ་བའི་ཟླ་དཀྱིལ་ནས་བཟུང་ཨེ་ཡུན་ཨ་རབ་ལ་དཔུང་འཇུག་བྱས་ཏེ་གྲོང་རྡལ་དེའི་བརྒྱ་ཆའི་བཞི་བཅུའི་ས་ཁོངས་ཚོད་འཛིན་བྱས་པ་དང་། ཉུང་མཐར་ཡང་ཡུལ་གྱར་བ་འབུམ་གཅིག་དང་ཁྲི་བརྒྱད་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཐུར་ཁེ་རུ་བྲོས་བྱོལ་བྱས་ཡོད། མིག་སྔར་སི་རི་ཡཱའི་ཕྱི་རྒྱལ་གྱི་ཡུལ་གྱར་བའི་མི་གྲངས་ས་ཡ་གསུམ་ལས་བརྒལ་ཡོད་པ་དང་། སི་རི་ཡཱའི་མངའ་ཁོངས་སུ་འགྲོ་སའི་ཁྱིམ་མེད་པར་འཁྱམས་པའི་མི་གྲངས་ཀྱང་ས་ཡ་དྲུག་དང་འབུམ་ལྔར་བསླེབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག