མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནེ་ཀྲི་རི་ཡཱའི་སྲིད་གཞུང་དང་པའོ་ཁི་གནས་མཆོག་ཅེས་པའི་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་གསར་འགྱུར་སྨྱན་བྱད་གཙོ་བོས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། སྲིད་གཞུང་དང་པའོ་ཁི་གནས་མཆོག་ཅེས་པའི་རྩ་འཛུགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཡོད་ཟེར། གྲོས་མཐུན་དེའི་ནང་དོན་གཙོ་བོར་གཉིས་ཡོད་དེ་གཅིག་ནི་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱེད་པ་དང་། གཉིས་ནི་པའོ་ཁི་གནས་མཆོག་ཅེས་པའི་རྩ་འཛུགས་ཀྱིས་ད་ལོའི་ཟླ་བཞི་བར་བཙན་ཁྲིད་བྱས་པའི་ཆེ་པུའུ་ཁི་གྲོང་རྡལ་གྱི་སློབ་འབྲིང་བུད་མེད་སློབ་མ་ཉིས་བརྒྱ་ལྷག་གོ་ཕྱིར་གཏོང་བ་དེ་རེད་ཟེར།

བསྒྲགས་པ་ལྟར་ན། ནེ་ཀྲི་རི་ཡཱའི་རྒྱལ་སྲུང་ཇུས་འདོན་པ་པཱ་ཏི་ཧི་ཡིས་ཉིན་དེར་རྒྱལ་ས་ཨ་པུའུ་ཅཱ་ནས་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། ཁོས་འབྲེལ་ཡོད་ཀྱི་དམག་དཔུང་ལ་བཀའ་རྒྱ་བཏང་སྟེ་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པའི་རེ་བ་བཏོན་ཡོད་ཟེར།

ནེ་ཀྲི་རི་ཡཱའི་རྒྱལ་ཁབ་བརྡ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རིན་ཨོ་མེད་ལི་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ཅིག་ལས་བདེན་དཔང་བྱས་དོན། སྲིད་གཞུང་གིས་པའོ་ཁི་གནས་མཆོག་ཅེས་པའི་རྩ་འཛུགས་ལ་འབྲེལ་འདྲིས་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་བདེ་འཇགས་གནས་བབ་དང་བཙན་ཁྲིད་བྱས་པའི་སློབ་མ་ཕྱིར་གཏོང་བ་སོགས་གནད་དོན་ཐད་ལ་གྲོས་བསྡུར་བྱས་ཟེར། ནེ་ཀྲི་རི་ཡཱའི་རྒྱལ་སྲུང་སྤྱི་ཁྱབ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཨོ་ལུའུ་ཁི་ལཱ་ཏི་ཡིས་ཚེས་བཅོ་བརྒྱད་ཉིན་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། དྲག་ཆས་དམག་དཔུང་སོ་སོར་འཁྲུག་རྩོད་མཚམས་འཇོག་པའི་བཀའ་རྒྱ་འབྱོར་ཡོད་པར་བཤད་ཀྱང་། གྲོས་མཐུན་གྱི་བྱེ་བྲག་གི་ནང་དོན་དང་བཙན་ཁྲིད་བྱས་པའི་སློབ་མ་དག་དུས་ནམ་ཕྱིར་གཏོང་བའི་གནས་ཚུལ་གསལ་བོར་བསྒྲགས་མེད།

ནེ་ཀྲི་རི་ཡཱའི་རྒྱལ་དམངས་གྲོས་ཁང་གི་གྲོས་མི་རེ་འགས་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་ནི་དགའ་འོས་པའི་གྲུབ་འབྲས་ཤིག་རེད་ཟེར། དམངས་གྲོས་ཁང་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ནེ་ཀྲི་རི་ཡཱའི་ངོ་རྒོལ་ཏང་གི་ཁོངས་མི་དབྱེ་རོས་སི་ཡིས་བཤད་རྒྱུར། དུས་ཡུན་རིང་བོར་ནེ་ཀྲི་རི་ཡཱའི་མང་ཚོགས་ཀྱིས་སྤྱི་ཚོགས་ཟང་ཟིང་གི་དཀའ་སྡུག་མྱངས་པ་དང་། བྱང་ཤར་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྔ་མོ་ནས་མངོན་འགྱུར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ནེ་ཀྲི་རི་ཡཱའི་ཞི་བདེ་དང་འཁྲུག་རྩོད་ཐག་གཅོད་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་ཏའེ་ཝེ་སི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མིག་སྔར་གྲོས་མོལ་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་དངོས་སུ་ཁས་ལེན་བྱས་ཀྱང་། གནས་ཚུལ་གལ་ཆེན་གཉིས་ཡོད་དེ། གཅིག་ནི་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐབས་ཇུས་ལེགས་སྒྲིག་བྱེད་བཞིན་ཡོད་པ་དང་། དམག་དོན་ཆམ་ཕབ་ཁོ་ནར་བརྟེན་ནས་པའོ་ཁི་གནས་མཆོག་ཅེས་པའི་རྩ་འཛུགས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་མི་ཐུབ་པར་བསམ་བཞིན་ཡོད་ལ། གཉིས་ནས་འདེམ་བསྐོའི་བྱ་འགུལ་སྤེལ་ལ་ཉེ་བའི་སྐབས་སུ་ཏང་ཁག་སོ་སོ་དང་འབྲེལ་ཡོད་ཕྱོགས་ཁག་སོ་སོས་ངེས་པར་དུ་རྒྱལ་ཁབ་ཀྱི་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དེ་གནད་སར་བཞག་ན་ད་གཟོད་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་སྲིད་པར་བསམ་བཞིན་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག