མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཨུ་རུ་སུའི་ལམ་ཐིག་ཤར་མའི་རང་བྱུང་རླངས་སྦུག་ལམ་ཐད་འཛུགས་སྐྲུན་ཁོར་རྒྱུག་ལག་རྩལ་གྱི་གྲོས་ཆོད་ལ་མིང་རྟགས་བཀོད་པ།

སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-18 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རྡོ་སྣུམ་རང་བྱུང་རླངས་ཚོགས་པ་ཀུང་སིས་སྤྱི་ཚེས་15ཉིན། ཨུ་རུ་སུའི་རང་བྱུང་རླངས་བཟོ་ལས་མ་རྐང་ཀུང་སིའི་བར་ཀྲུང་གོ་དང་ཨུ་རུ་སུའི་ལམ་ཐིག་ཤར་མའི་རང་བྱུང་རླངས་སྦུག་ལམ་འཛུགས་སྐྲུན་དང་ཁོར་རྒྱུག་བྱ་རྒྱུའི་སྐོར་གྱི་ལག་རྩལ་གྲོད་ཆོད་ཅེས་པར་མིང་རྟགས་བཀོད་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཀྲུང་གོ་དང་ཨུ་རུ་སུའི་ལམ་ཐིག་ཤར་མའི་རང་བྱུང་རླངས་སྦུག་ལམ་གྱི་རྒྱལ་ཁོངས་བརྒལ་བའི་དུམ་མཚམས་དང་རང་སོའི་མངའ་ཁོངས་ནང་གི་སྦུག་ལམ་འཛུགས་སྐྲུན་བྱ་ཆེད་གལ་ཆེའི་ཁྲིམས་ལུགས་ཀྱི་རྨང་གཞི་བཏིངས་ཡོད་པ་རེད།

ཀྲུང་གོ་དང་ཨུ་རུ་སུའི་ལམ་ཐིག་ཤར་མའི་རང་བྱུང་རླངས་རྣམ་གྲངས་ལག་བསྟར་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ཡིག་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། གྲོས་ཆོད་ཀྱིས་ཀྲུང་གོ་དང་ཨུ་རུ་སུའི་ལམ་ཐིག་ཤར་མའི་རང་བྱུང་རླངས་སྦུག་ལམ་གྱི་རྒྱལ་ཁོངས་ནང་འཛུལ་ས་དང་རླངས་བླུགས་པའི་གནོན་ཤུགས། རྒྱལ་ཁོངས་བརྒལ་བའི་དུམ་མཚམས་ཀྱི་དཔྱད་གྲངས་གཙོ་བོ། རང་བྱུང་རླངས་ཀྱི་སྤུས་ཚད། རྩིས་རྒྱག་ཚད་གཞི་སོགས་སྦུག་ལམ་འཛུགས་སྐྲུན་དང་ཁོར་རྒྱུག་བྱ་རྒྱུའི་ཐད་ཀྱི་ལག་རྩལ་ནང་དོན་གཏན་འཁེལ་བྱས་ཡོད་པ་རེད།

གཞན་ཡང་། ཀྲུང་གོའི་རྡོ་སྣུམ་ཀུང་སིས་ད་དུང་ཨུ་རུ་སུའི་རྒྱལ་ཁབ་རྡོ་སྣུམ་ཀུང་སིའི་བར་འཐབ་ཇུས་མཉམ་ལས་སྔར་བས་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་ཅེས་པར་མིང་རྟགས་བཀོད་ཡོད་པ་རེད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག