མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་ཝུའུ་ཁི་ལན། འཇར་མན། ཧྥ་རན་སི་བཅས་རྒྱལ་ཁབ་བཞིའི་མགོ་གཙོས་མུས་ལན་ནས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-18 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་སོགས་རྒྱལ་ཁབ་བཞིའི་མགོ་གཙོས་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་དབྱི་ཐཱ་ལེའི་མུས་ལན་གྲོང་ཁྱེར་ནས་ཝུའུ་ཁི་ལན་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཕུའུ་ཅིན་གྱིས་ཐེངས་འདིའི་མུས་ལན་གྱི་རྒྱལ་ཁབ་བཞིའི་མགོ་གཙོའི་གྲོས་མོལ་གྱི་མཇུག་འབྲས་ལས་གདེང་འཇོག་བཟང་བོ་བྱས་པ་དང་། ཁོས་བལྟས་ན་གྲུབ་འབྲས་ཅུང་བཟང་བར་འདོད། ཁི་ལི་མུའུ་ལིན་ཕོ་བྲང་གི་མགྲིན་ཚབ་པ་ཕའེ་སི་ཁི་ཧྥུའུ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་ཧ་གོ་དཀའ་བའི་གནད་དོན་མང་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། མུས་ལན་གྱི་ཞོགས་ཟས་གསོལ་ཚིགས་ཀྱི་གྲོས་ཚོགས་ལ་ཞུགས་མཁན་ལ་ལས་ཝུའུ་ཁི་ལན་ཤར་ལྷོའི་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱེད་འདོད་མེད་པ་ནི་ཡིད་འཕང་བའི་དོན་ཞིག་རེད་ཟེར།

ཉིན་དེའི་སྔ་དྲོར། ཕུའུ་ཅིན་དང་པའོ་ལོ་ཧྲིན་ཁི། མའོ་ཁི་ཨར། ཨོ་ལིང་ཏི། དེ་མིན་དབྱི་ཐཱ་ལེའི་ཙུང་ལི་ལོན་ཆི། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་། ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པ་ཧྥན་ལུང་ཕའེ་དང་པཱ་ལོ་ཙོ་བཅས་ཀྱིས་ཞོགས་ཟས་གསོལ་ཚིགས་ཀྱི་གྲོས་མོལ་བྱས།

མའོ་ཁི་ཨར་གྱིས་བལྟས་ན། ཁོ་མོས་ད་ལྟའི་བར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་གནད་ས་མཐོང་མེད་ཟེར། ལོན་ཆི་ཡིས་གྲོས་མོལ་གྱི་འཛུགས་སྐྲུན་རང་བཞིན་ལ་ཁས་ལེན་བྱས་རྗེས། ཕྱོགས་སོ་སོས་འགལ་བར་སྔར་བཞིན་ཐག་གཅོད་ཐོབ་མེད་ཟེར།

པའོ་ལོ་ཧྲིན་ཁི་ཡིས་བསྟན་དོན། ཉིན་དེར་ཁོ་དང་ཕུའུ་ཅིན་གྱིས་ཐུན་མོང་གི་ལྟ་ཚུལ་གསུམ་བཀོད་པ་དང་། གཅིག་ནི་རང་བྱུང་སོལ་རླངས་ཀྱི་གན་རྒྱའི་གནད་དོན་ཡིན་པ་དང་། གཉིས་ནི་མེན་སི་ཁིའི་གྲོས་མཐུན་གྱི་འབྲེལ་ཡོད་ནང་དོན་ལག་བསྟར་བྱེད་པ་ཡིན། གསུམ་ནི་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་ས་ཁུལ་གྱིས་ཝུའུ་ཁི་ལན་གྱི་བཅའ་ཁྲིམས་གཞིར་བཟུང་ནས་ས་གནས་འདེམ་བསྐོ་བྱེད་པ་དེ་ཡིན་ཟེར།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག