མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བ་གྲོལ།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-18 11:25

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བ་ཚེས་བཅུ་བདུན་ཉིན་དབྱི་ཐཱ་ལེའི་མུས་ལན་ནས་གྲོལ། སྐབས་འདིའི་གྲོས་ཚོགས་ཀྱི་དམིགས་ཡུལ་ནི་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ། དངུལ་ལོར་དཔལ་འབྱོར་གྱི་མཉམ་ལས་ལ་ཡར་སྐུལ་བྱེད་པའི་ཆེད་དུ་རེད།

སྐབས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་འགན་ཁུར་བའི་གྲོགས་པོའི་འབྲེལ་བ་བཙུགས་ཏེ་རྒྱུན་མཐུད་འཕར་སྣོན་དང་བདེ་འཇགས་ལ་ཡར་སྐུལ་བྱེད་རྒྱུ་དེ་ཡིན་ཟེར། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པའི་ལྟ་ཚུལ་གཅིག་གྱུར་བྱུང་བ་དང་། ཕྱོགས་མང་བོ་ནས་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་ལ་ཆམ་ཕབ་གཏོང་བ་དང་སྒོ་ཁྲལ་མ་ཡིན་པའི་བཀག་རྒྱ་སོགས་ཉོ་ཚོང་གི་གནད་དོན་ཐག་གཅོད་བྱེད་པར་འཐད་པ་བྱུང་ཟེར།

ཧྥན་ལུང་ཕའེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མུ་མཐུད་དུ་ཕྱོགས་གཉིས་དང་ས་ཁོངས་གྲོས་ཆོད་ཀྱི་རྨང་གཞིའི་སྟེང་རང་དབང་ཉོ་ཚོང་ལ་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

གྲོས་ཚོགས་གྲོལ་རྗེས་ཀྱི་ཀྲུའུ་ཞིའི་གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མཉམ་ལས་གྲོགས་པོའི་སྙིང་སྟོབས་བཅངས་ཏེ་དཔལ་འབྱོར་དང་དངུལ་ལོར། ས་ཁུལ། རྒྱལ་སྤྱིའི་ལས་དོན། སྲོལ་རྒྱུན། སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འགན་རྩོད་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། ཞི་བདེ་དང་བདེ་འཇགས། བརྟན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ནན་བཤད་བྱས་ཡོད་ཟེར།

གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གི་བར་ཐུན་མོང་ལྟ་ཚུལ་བྱུང་སྟེ། ཆབ་སྲིད་གྲོས་མོལ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས། སློབ་གསོ་དང་རིག་གནས་བཅས་ཕྱོགས་གསུམ་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་བ་དང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་ཀྱི་དངོས་གཞི་མིན་པའི་གཤིས་ལུགས་ཀྱིས་མྱུར་མོར་འགྱུར་ལྡོག་འབྱུང་བཞིན་པའི་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གནད་དོན་ཐག་གཅོད་བྱེད་ཐུབ་པ་ཁས་ལེན་བྱས།

དེ་ལས་གཞན་གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པ་དག་གིས་ཉེ་སྔོན་འཛམ་གླིང་ཡོངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་པའི་ཨེ་པའོ་ལཱ་རིམས་ནད་ལ་དོ་སྣང་བྱེད་བཞིན་ཡོད་པ་དང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨེ་པའོ་ལཱ་རིམས་ནད་བྱུང་སར་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་བྲེལ་མྱུར་བྱེད་ཐབས་སྤྱད་དེ་མཐུན་སྦྱོར་དང་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་བཏང་།

སྐབས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། དབྱི་ཐཱ་ལེའི་ཙུང་ལི་ལོན་ཅི་ཡིས་མགོ་འཛིན་བྱས། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ལྔ་བཅུ་ལྷག་གི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས། གྲོས་ཚོགས་ནས་ཧཱ་སག་སི་ཐན་དང་ཁི་ལོ་ཏི་ཡཱ་རྒྱལ་ཁབ་གཉིས་ཁོངས་གཏོགས་རྒྱལ་ཁབ་གསར་བར་དངོས་སུ་བསྡུ་ལེན་བྱས་ཏེ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཁ་གྲངས་ང་གསུམ་དུ་རྒྱ་བསྐྱེད། ཧྥན་ལུང་ཕའེ་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་ཁྱབ་སྒྲོག་བྱས་དོན།

ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་གཅིག་པ་དེ་ཉིས་སྟོང་བཅུ་དྲུག་ལོར་མོང་གོལ་རྒྱལ་ཁབ་ནས་སྤེལ་རྒྱུ་ཡིན་ཟེར།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག