མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བ་མུས་ལན་ནས་ཚོགས་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-17 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་བཅུ་བ་ཚེས་བཅུ་དྲུག་ཉིན་དབྱི་ཐཱ་ལེའི་མུས་ལན་ནས་ཚོགས་མགོ་བརྩམས། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་འགན་ཁུར་བའི་གྲོགས་པོའི་འབྲེལ་བ་བཙུགས་ཏེ་རྒྱུན་མཐུད་འཕར་སྣོན་དང་བདེ་འཇགས་ལ་ཡར་སྐུལ་བྱེད་ཅེས་པ་དེ་ཡིན། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་ལྔ་བཅུ་ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥན་ལུང་ཕའེ་ཡིས་ཉིན་དེའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ་བསྟན་དོན། ཆབ་སྲིད་དང་དཔལ་འབྱོར་གང་ཡིན་ཡང་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་ཕན་ཚུན་གྱི་དགོས་མཁོ་ཡིན་པ་དང་། བདེ་འཇགས་གནད་དོན་ཡང་ཕན་ཚུན་ལ་འབྲེལ་ཡོད་ཟེར། དུས་རབས་ཉེར་གཅིག་པར་རྒྱལ་ཁབ་གང་རུང་ཞིག་ཕྱི་ཕྱོགས་བར་འབྲེལ་ཐག་གཅོད་པའི་སྣང་ཚུལ་མེད་ཅིང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གིས་སྔར་ལས་ཕན་ནུས་ལྡན་པའི་མཉམ་འབྲེལ་བྱས་ཏེ་ཕྱོགས་གཉིས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་ཟེར། ཁོས་བཤད་རྒྱུར། ཝུའུ་ཁི་ལན་གྱི་གནད་དོན་དང་དབུས་ཤར། ཨ་ཧྥེ་རི་ཁ་བྱང་མ་སོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་ལས་བྱུང་བའི་འཇིགས་སྐུལ་རིང་ལུགས་དང་རྩ་འཛུགས་ཡོད་པའི་ནག་ཉེས་ཀྱིས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གྲོས་ཁང་གི་སྟེགས་བུར་བརྟེན་ནས་འབྲེལ་ཡོད་ཀྱི་གྲོས་མོལ་དང་མཉམ་ལས་སྤེལ་དགོས་ཟེར།

ཐེངས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། གྲོས་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་ཕན་ཚུན་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ་དང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་དཔལ་འབྱོར་དངུལ་ལོར་མཉམ་ལས་ལ་ཡར་སྐུལ་བྱེད་པ། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གིས་ལག་རྡང་སྦྲེལ་ནས་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་གྲོས་མོལ་དང་མཉམ་ལས་ལ་ཤུགས་སྣོན་པ། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གྲོས་ཁང་གི་འཕེལ་རྒྱས་ཁ་ཕྱོགས་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་དང་བརྗེ་རེས་བྱས། ཚེས་བཅུ་དྲུག་ཉིན་གྱི་གྲོས་ཚོགས་སྟེང་། ཧཱ་སག་སི་ཐན་དང་ཁི་ལོ་ཏི་ཡཱ་རྒྱལ་ཁབ་གཉིས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གྲོས་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གསར་བར་དངོས་སུ་བསྡུ་ལེན་བྱས་པ་དང་། ཚོགས་པ་དེའི་ཁོངས་གཏོགས་རྒྱལ་ཁབ་ང་གསུམ་དུ་རྒྱ་བསྐྱེད།

ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མཐོ་རིམ་གྲོས་ཚོགས་ཐོག་མ་དེ་གཅིག་སྟོང་དགུ་བརྒྱ་གོ་དྲུག་ལོར་ཐེ་གོའི་རྒྱལ་ས་མན་ཀུའུ་ནས་སྤེལ་བ་དང་། དེ་ལས་གླིང་ཆེན་བརྒལ་ཏེ་གྲོས་མོལ་བྱེད་པའི་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་གྲོས་ཚོགས་དངོས་སུ་བཙུགས་པ་མཚོན་ཡོད། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་དེ་ལོ་གཉིས་ཀྱི་ནང་ཐེངས་རེར་སྤེལ་བཞིན་ཡོད་པ་དང་། ཨེ་ཤ་ཡཱ་དང་ཡོ་རོབ་གླིང་ས་ཁུལ་གྱིས་རེས་མོས་ལྟར་རྩ་འཛུགས་བྱེད་པ་ཡིན་ལ། དེའི་དམིགས་ཡུལ་ནི་གྲོས་མོལ་ལ་བརྟེན་ནས་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཆ་རྐྱེན་བཟང་བོ་བསྐྲུན་ནས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་རྣམ་པ་གསར་བའི་གྲོགས་པོའི་འབྲེལ་བ་འཛུགས་པར་ཡར་སྐུལ་བྱེད་པའི་ཆེད་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག