མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་སི་ཁྲུ་ལི་ཡཱའི་རྒྱལ་སྲུང་བློན་ཆེན་དང་འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་གྲོས་མོལ་བྱས་ཏེ་མཉམ་དུ་ཆུ་འཛུལ་གྲུ་གཟིངས་བཟོ་བའི་དོན་ལ་གྲོས་འཆམ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-17 11:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་རྒྱལ་སྲུང་བློན་ཆེན་ཅང་ཏུའུ་ཚོན་ཏི་དང་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་སྲུང་བློན་ཆེན་ཡའོ་ཧན་སི་ཏོན་གཉིས་ཀྱིས་ཚེས་བཅུ་དྲུག་ཉིན་ཐོག་དང་པོར་གྲོས་མོལ་བྱས། ཨོ་སི་ཁྲུ་ལི་ཡཱ་ཡིས་བེད་སྤྱོད་བྱེད་རྒྱུ་ཡིན་པའི་ཆུ་འཛུལ་གྲུ་གཟིངས་གསར་བར་དམིགས་ཏེ། ཕྱིན་ཆད་རྒྱལ་ཁབ་གཉིས་བར་གྱི་ལག་རྩལ་མཉམ་ལས་ལ་གྲོས་བསྡུར་བྱེད་པར་ཡར་སྐུལ་གཏོང་བར་གྲོས་འཆམ་བྱུང་། དེ་ནི་འཇར་པན་གྱིས་ཐོག་དང་པོར་ཟླ་བཞི་བའི་ནེ་ཀིའི་གྲོས་ཚོགས་ཀྱི་ཆོད་དོན་ལྟར་ཆུ་འཛུལ་གྲུ་གཟིངས་དེ་ལག་རྩལ་མཉམ་ལས་ཀྱི་དམིགས་ཡུལ་དུ་བྱས་པ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཡའོ་ཧན་སི་ཏོན་འཇར་པན་ཕྱོགས་ཀྱིས་ཆུ་འཛུལ་གྲུ་གཟིངས་ནང་འདྲེན་འཆར་གཞི་ལ་མཉམ་ལས་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཅང་ཏུའུ་ཚོན་ཏི་ཡིས་མཉམ་ལས་ག་འདྲ་བྱེད་ཐུབ་པར་གྲོས་བསྡུར་བྱེད་རྒྱུའི་ཚུལ་བསྟན།

སྲིད་གཞུང་གི་མི་སྣས་མཚམས་སྦྱོར་བྱས་དོན། ཨོ་སི་ཁྲུ་ལི་ཡཱ་ཡིས་ཉིས་སྟོང་སུམ་ཅུ་ལོའི་བར་ནང་འདྲེན་བྱས་པའི་རྣམ་པ་གསར་བའི་ཆུ་འཛུལ་གྲུ་གཟིངས་དེ་སན་ལིན་དང་ཁྲོན་ཆི་ནས་བཟོ་སྐྲུན་བྱས་པའི་མཚོ་ཐོག་རང་སྲུང་རུ་ཁག་གི་ཆུ་འཛུལ་གྲུ་གཟིངས་གསར་བ་དང་གཅིག་མཚུངས་བྱེད་པའི་འཆར་གཞི་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཆུ་འཛུལ་གྲུ་གཟིངས་ཕྱིར་གཏོང་བྱེད་པ་དེ་འཇར་པན་གྱི་བདེ་འཇགས་འགན་སྲུང་ལ་མཚོན་ན་ཐད་ཀར་བྱས་རྗེས་བཞག་ཡོད་པར་རློམ་དཀའ་བ་དང་། ཆུ་འཛུལ་གྲུ་གཟིངས་ཕྱིར་གཏོང་བྱེད་པའི་བྱ་བ་དེ་མངོན་འགྱུར་བྱེད་དཀའ་བས། འཇར་པན་གྱིས་གཙོ་བོ་ལག་རྩལ་མཉམ་ལས་འདོན་སྤྲོད་བྱེད་རྒྱུ་ཐག་བཅད་ཡོད།

ཕྱོགས་གཉིས་ཀྱིས་ད་རུང་མཉམ་ལས་བྱས་ཏེ་ཨ་མེ་རི་ཁ་ནས་ནང་འདྲེན་བྱས་པའིF-35རྟགས་ཅན་གྱི་ཡིབ་པའི་འཐབ་འཛིང་གནམ་གྲུ་གསར་བའི་ཞིག་གསོའི་བྱ་བ་སྤེལ་རྒྱུ་ཁས་ལེན་བྱས། འཇར་པན་གྱིས་རྒྱལ་ནང་ནསF-35རྟགས་ཅན་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་ཞི་གསོའི་རྟེན་གཞི་འཛུགས་པར་བསམ་བློ་གཏོང་བཞིན་ཡོད།

ཅང་ཏུའུ་ཚོན་ཏི་ཡིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་པའི་འཇར་པན་དང་ཨ་མེ་རི་ཁའི་རྒྱལ་སྲུང་མཉམ་ལས་ཀྱི་བྱེད་ཕྱོགས་བཟོ་བཅོས་བྱེད་པར་དམིགས་པའི་དུས་ཡུན་འབྲིང་གི་སྙན་ཞུ་མཚམས་སྦྱོར་བྱས་པ་དང་། ཡོ་ཧན་སི་ཏོན་གྱིས་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་ད་རུང་འཇར་པན་དང་ཨ་མེ་རི་ཁ། ཨོ་སི་ཁྲུ་ལི་ཡཱའི་བཅས་ཕྱོགས་གསུམ་གྱི་མཉམ་ལས་ལ་བརྟེན་ནས་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་བརྟན་འཇགས་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར། 

གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱིས་ད་རུང་གང་མགྱོགས་ཀྱིས་རྣམ་པ་གསར་བའི་གྲོས་ཆོད་བཀོད་དེ། འཇར་པན་རང་སྲུང་རུ་ཁག་དང་ཨོ་སི་ཁྲུ་ལི་ཡཱའི་དམག་དཔུང་གིས་བདེ་བླག་ངང་མཉམ་འབྲེལ་དམག་དོན་སྦྱོར་བརྡར་དང་འགུལ་སྐྱོད་སྤེལ་བར་གཅིག་གྱུར་འཐད་པ་བྱུང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག