མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཨེ་པའོ་ལཱ་རིམས་ནད་ལ་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 11:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མ་དང་། ཕྱོགས་གཉིས་ཀྱི་གྲོགས་པོ། ཕྱོགས་མང་བོའི་རྩ་འཛུགས་བཅས་ཀྱིས་འབྲེལ་ཡོད་ཀྱི་ཐོན་ཁུངས་དང་མ་དངུལ། དངོས་རྫས་བཅས་ཀྱི་རོགས་སྐྱོར་མཁོ་འདོན་ལ་ཤུགས་སྣོན་བྱས་ཤིང་ཇེ་མང་དུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་ཨེ་པའོ་ལཱ་རིམས་ནད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨེ་པའོ་ལཱ་རིམས་ནད་བྱུང་བའི་གཞི་རྒྱ་དང་དེས་ཨ་ཧྥེ་རི་ཁ་ནུབ་མར་བཟོས་པའི་ཤུགས་རྐྱེན་སོགས་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཕྱོགས་སོ་སོས་མཁོ་སྒྲུབ་དང་མཁའ་འགྲུལ་གསོ་རིག སྐྱེལ་འདྲེན། བཟོ་སྐྲུན་སོགས་ཀྱི་ཐད་ནས་ཨེ་པའོ་ལཱ་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱེད་དགོས་པར་མ་ཟད། མྱུར་མོར་རིམས་ནད་ཅུང་ཚབས་ཆེན་ཡིན་པའི་རྒྱལ་ཁབ་ཏུ་སྐྱེལ་དགོས་པའི་རེ་བ་བཏོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་དང་མཁའ་འགྲུལ་དང་མཚོ་འགྲུལ་ཀུང་ཟིས་སྤྱི་བའི་འཕྲོད་བསྟེན་སྒྲིག་སྲོལ་ལག་བསྟར་བྱེད་པའི་ཞོར་དུ་རིམས་ནད་ཚབས་ཆེན་ཡིན་པའི་རྒྱལ་ཁབ་བར་གྱི་ཉོ་ཚོང་དང་སྐྱེལ་འདྲེན་གྱི་རྒྱུན་སྲུང་འཛིན་བྱས་ཏེ། ཨེ་པའོ་ལཱ་རིམས་ནད་ལ་འགོག་བཅོས་བྱེད་པའི་བྱ་བ་དུས་ཐོག་ཏུ་དོན་འཁྱོལ་ཡོང་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉོ་ཚོང་དང་གནས་སྐོར་གྱི་བཀག་སྡོམ་བཀའ་རྒྱ་ལག་བསྟར་བྱས་ཏེ་རིམས་ནད་བྱུང་བའི་རྒྱལ་ཁབ་ཁ་བཀར་བ་དང་། ཀེ་ནེ་ཡཱ་དང་ལེ་པུ་ལི་ཡཱ། སེ་ར་ལེ་ཨོང་བཅས་རྒྱལ་ཁབ་ཀྱི་རྒྱལ་དམངས་ལ་མཐོང་ཆུང་བྱེད་པའི་བྱེད་ཐབས་གང་རུང་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཀེ་ནེ་ཡཱ་དང་ལེ་པུ་ལི་ཡཱ། སེ་ར་ལེ་ཨོང་བཅས་ཀྱི་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་ཁབ་སོ་སོས་དང་ས་ཁུལ་སོ་སོ། མཉམ་འབྲེལ་རྒྱལ་ཚོགས། ཨ་ཧྥེ་རི་ཁ་མནའ་འབྲེལ། མཱ་ནོའུ་གཙང་བོའི་མནའ་འབྲེལ་སོགས་རྒྱལ་སྤྱིའི་ཕྱོགས་སོ་སོས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་རོགས་རམ་གང་ཡོད་ལ་བརྟེན་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་རྒྱལ་ཁབ་རང་རང་གི་མངའ་ཁོངས་ནས་ཨེ་པའོ་ལཱ་རིམས་ནད་བྱུང་བའི་ནད་པར་སྔོན་འགོག་དང་གསོ་བཅོས། ཁ་བཀར་བཅས་བྱེད་པའི་ཐད་གྲ་སྒྲིག་གང་ལེགས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག