མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇིའི་གྲོས་ཁང་གིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་གྲོས་ཁང་ཞོལ་མས་ཟླ་བཅུ་གསུམ་པར་ཕཱ་ལེ་སི་ཐན་གྱི་རྒྱལ་ཁབ་གོ་གནས་ཁས་ལེན་བྱེད་མིན་ཐད་འདེམ་ཤོག་འཕང་ནས་བརྡས་ཐག་བཅད། འདེམ་ཤོག་ཉིས་བརྒྱ་དང་དོན་བཞི་འཐད་པ་བྱུང་བ་དང་འདེམ་ཤོག་བཅུ་གཉིས་ཀྱིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་གྲོས་ཆོད་དེར་གྲོས་འཆམ་བྱུང་།

གྲོས་ཆོད་དེ་ནི་བཟོ་བའི་ཏང་གི་གྲོས་མི་མའོ་ལི་སི་ཡིས་བཏོན་པ་རེད། ཁོས་བལྟས་ན་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ན་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་ཕན་པ་ཡོད་པར་འདོད་པ་དང་། འདེམ་ཤོག་འཕང་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབ་བྱེད་པར་གོ་སྐབས་བསྐྲུན་དགོས་ཟེར། སྔོན་ཆད་ངག་བཅོལ་ལྟར་ཕཱ་ལེ་སི་ཐན་ལ་དབང་བསྒྱུར་བྱས་མྱོང་བས་དབྱིན་ཇི་རྒྱལ་ཁབ་ཀྱིས་འགུལ་སྐྱོད་ཅིག་སྤེལ་བའི་འགན་འཁྲི་ཡོད་ཟེར།

མའོ་ལི་སི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འབྲེལ་བ་ཛ་དྲག་གི་གནས་སུ་ལྷུང་བ་ཡོད་ཟེར། བཟོ་བའི་ཏང་གི་གྲོས་མི། སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་སི་ཐི་ལའོ་ཡིས་བཤད་རྒྱུར། མིག་སྔར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབ་བྱེད་པར་གནོན་ཤུགས་སྟེར་དགོས་ཟེར།

ཉིས་སྟོང་བཅུ་གཉིས་ལོར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་བདུན་པ་ནས་གྲོས་ཆོད་བཀོད་དེ། ཕཱ་ལེ་སི་ཐན་ལ་ལྟ་ཞིབ་པ་རྒྱལ་ཁབ་ཀྱི་གོ་གནས་བྱིན་ཡོད་ཀྱང་། ཨ་མེ་རི་ཁ་དང་དབྱིན་ཇི་སོགས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་སྔར་བཞིན་དེའི་རྒྱལ་ཁབ་གོ་གནས་ཁས་ལེན་མ་བྱས་པ་དང་། དབྱིན་ཇིའི་གྲོས་ཁང་གིས་ཐེངས་འདིར་འདེམ་ཤོག་འཕང་བར་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད།

སུའེ་ཙེར་གྱིས་ཟླ་འདིའི་ཚེས་གསུམ་ཉིན་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་གོ་གནས་ཁས་ལེན་བྱེད་རྒྱུ་ཁྱབ་སྒྲོག་བྱས་ཏེ། ཡོ་རོབ་གླིང་ནུབ་མ་ས་ཁུལ་གྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཐོག་མར་གྱུར། ཕཱ་ལེ་སི་ཐན་གྱིས་གཅིག་དགུ་གྱ་བརྒྱད་ལོར་རྒྱལ་ཁབ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པའི་ཚུན་ལ། ནམ་རྒྱུན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་ཐོབ་པར་བརྩོན་ལེན་བྱེད་བཞིན་ཡོད། མིག་སྔར་རྒྱལ་ཁབ་བརྒྱ་ལྷག་གིས་དེའི་རྒྱལ་ཁབ་གོ་གནས་ཁས་ལེན་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག