མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གྲམ་དམར་པོ་ཚོགས་པ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དུ་འགས་གཏོར་རང་བཞིན་གྱི་མཚོན་ཆ་བཀོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-14 10:22

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གྲམ་དམར་པོ་ཚོགས་པ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོས་ཨར་གྱིས་ཚེས་བཅུ་གསུམ་ཉིན་རི་ནེ་ཝ་ནས་གསལ་སྒྲོག་སྤེལ་ཏེ། འཁྲུག་རྩོད་ཕྱོགས་ཁག་སོ་སོས་གྲོང་ཁྱེར་དུ་འགས་གཏོར་རང་བཞིན་གྱི་མཚོན་ཆ་བཀོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

མའོ་ལོས་ཨར་གྱིས་བཤད་རྒྱུར། སི་རི་ཡཱ་དང་ཅཱ་ཧྲ་ས་ཁུལ། དབྱི་སི་རལ། ཨ་ཧྥུའུ་ཧན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ། དེ་མིན་འཁྲུག་རྩོད་བྱུང་བའི་ས་ཁུལ་གཞན་པ་ནས། འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་སོ་སོས་དུས་རྒྱུན་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་སོགས་འགས་གཏོར་རང་བཞིན་གྱི་མཚོན་ཆ་བཀོལ་ནས་གྲོང་ཁྱེར་ནང་ཁུལ་གྱི་དམག་དོན་དམིགས་འབེན་ལ་ཆམ་ཕབ་གཏོང་བཞིན་ཡོད་ལ། དམག་དོན་ཆམ་ཕབ་དེ་དག་གིས་ནམ་རྒྱུན་སྡོད་དམངས་ཀྱི་ཁང་བ་དང་སྨན་ཁང་། སློབ་གྲྭ་སོགས་དམངས་བཀོལ་སྒྲིག་ཆས་ལ་གཏོར་བརླག་ཐེབས་བཞིན་ཡོད་ཟེར།

མའོ་ལོས་ཨར་གྱིས་བསྟན་དོན། འགས་གཏོར་རང་བཞིན་གྱི་མཚོན་དེ་གཙོ་བོ་ཁོད་ཡངས་པའི་གཡུལ་སའི་དམིགས་འབེན་ལ་ཆམ་ཕབ་གཏོང་བའི་ཐད་བཀོལ་དགོས་པ་ལས་མི་གྲངས་མང་བོ་འདུས་སྡོད་བྱེད་པའི་གྲོང་ཁྱེར་ནས་བཀོལ་མི་རུང་ཟེར། འགས་གཏོར་རང་བཞིན་གྱི་མཚོན་ཆའི་གསོད་རྨས་ཀྱི་ཁྱབ་ཁོངས་ཆེ་བས་གྲོང་ཁྱེར་ནས་བེད་སྤྱོད་བྱས་ན་མི་སེར་དཀྱུས་མར་ཤི་རྨས་ཚབས་ཆེན་བཟོ་སྲིད་པ་དང་། ཞོར་དུ་གྲོང་ཁྱེར་གྱི་ཆུ་གློག་གི་མཁོ་འདོན་དང་སྨན་བཅོས་ཁོངས་གཏོགས་ལ་གཏོར་བརླག་ཐེབས་ནས་རྨས་མ་དག་ལ་དུས་ལྟར་གསོ་བཅོས་ཐོབ་ཐབས་མེད་ཟེར།

མའོ་ལོས་ཨར་གྱིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱས་ཤིང་། མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གང་རུང་སྤྱད་དེ། གྲོང་ཁྱེར་དང་མི་གྲངས་མང་བོ་འདུས་སྡོད་བྱེད་སའི་ས་ཁོངས་ནས་འགས་གཏོར་རང་བཞིན་གྱི་མཚོན་ཆ་བེད་སྤྱོད་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག