མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་ལས་ཨེ་པའོ་ལཱ་རིམས་ནད་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-14 10:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་གཉིས་ཀྱིས་ཉིན་དེའི་དགོང་མོར་ཕན་ཚུན་ཁ་པར་བཏང་སྟེ། ཨ་ཧྥེ་རི་ཁ་ནུབ་མའི་ཨེ་པའོ་ལཱ་རིམས་ནད་ཐག་གཅོད་པ་དང་། དབྱི་རག་དང་སི་རི་ཡཱ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་དང་ཨོ་པཱ་མཱ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐུལ་སློང་ལ་ཤུགས་སྣོན་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས། འབྲེལ་ཡོད་རྒྱལ་ཁབ་བར་རོགས་ལས་ཟབ་མོ་བྱས་ཏེ། ཨེ་པའོ་ལཱ་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་། ཨོ་ལིང་ཏི་ཡིས་བཤད་རྒྱུར། ཧྥ་རན་སི་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་ཀེ་ནེ་ཡཱའི་རེ་བ་ལྟར་དུ། ཀེ་ནེ་ཡཱ་ནས་ཨེ་པའོ་ལཱ་རིམས་ནད་གསོ་བཅོས་བྱེད་ས་སྔར་ལས་མང་བོ་འཛུགས་རོགས་བྱེད་རྒྱུ་ཡིན་པ་དང་། དེ་ལས་གཞན་ཧྥ་རན་སི་ཡིས་ཨེ་པའོ་ལཱ་རིམས་ནད་བྱུང་ས་ནས་བཏང་བའི་གནམ་གྲུའི་རིམས་ནད་ཞིབ་བཤེར་བྱ་བར་ཤུགས་སྣོན་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།

ཨོ་ལིང་ཏི་དང་ཨོ་པཱ་མཱ་ཡིས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་གྱི་ཁྱབ་ཁོངས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་དང་དབྱི་རག་གི་སྲིད་གཞུང་གསར་བ་སོགས་ལ་རྒྱབ་སྐྱོར་བྱེད་པར་ཤུགས་སྣོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག