མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་རྒན་པའི་གནོད་སེལ་ཐད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-14 10:19

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་བའི་ཚེས་བཅུ་གསུམ་ཉིན་ནི་རྒྱལ་སྤྱིའི་གནོད་སེལ་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་དོན་དེའི་ཐད་ནས་ཞུ་ཚིག་ཕུལ་ཏེ། གནོད་སྐྱོབ་འཆར་འགོད་ཁྲོད་རྒན་པའི་དགོས་མཁོར་བསམ་བློ་གཏོང་དགོས་པ་དང་། རྒན་པའི་གནོད་སེལ་ཐད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ད་ལོའི་རྒྱལ་སྤྱིའི་གནོད་སེལ་ཉིན་མོར་དོ་སྣང་བྱེད་པའི་གཙོ་གནད་ནི་རྒན་པ་རེད། ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། མིའི་རིགས་ཀྱི་ཁྱིམ་གཞིས་ཆེན་མོ་དེ་ཉིན་རེ་བཞིན་རྒན་པ་མང་བའི་རྣམ་པར་འགྱུར་བཞིན་ཡོད། འཛམ་གླིང་ཡོངས་སུ་ལོ་དྲུག་ཅུའི་ཡན་གྱི་མི་གྲངས་དུང་ཕྱུར་བདུན་ཙམ་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བཅུ་ཟིན་ཡོད། ཉིས་སྟོང་སུམ་ཅུ་ལོའི་བར། རྒན་པའི་ཁ་གྲངས་དེ་ཐོག་དང་པོར་བྱིས་པའི་ཁ་གྲངས་ལས་བརྒལ་ངེས་རེད། ད་ལོའི་རྒྱལ་སྤྱིའི་གནོད་སེལ་ཉིན་མོ་ནི་རྒན་པའི་གནོད་འགོག་ནུས་པར་ངོས་འཛིན་བྱེད་པའི་གོ་སྐབས་ཤིག་རེད་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། རང་བྱུང་གནོད་འཚེ་བྱུང་སྐབས། རྒན་པའི་ཤི་རྨས་ཀྱི་ཚད་བསྡུར་ཚད་ལས་བརྒལ་ཡོད་པས། ངེས་པར་དུ་འཆར་གཞི་དང་ཞབས་ཞུ། རྒྱབ་སྐྱོར་བཅས་ལ་བརྟེན་ནས་སྣང་ཚུལ་དེ་བསྒྱུར་དགོས་ལ། ཞོར་དུ་གནོད་སྐྱོབ་འཆར་འགོད་བྱ་བས་ངེས་པར་དུ་རྒན་པའི་བྱ་འགུལ་ནུས་པ་ཇེ་ཞན་དུ་སོང་བའི་གནས་ཚུལ་ལ་བསམ་བློ་གཏོང་དགོས། ཉེན་བརྡ་གཏོང་བའི་མ་ལག་དང་སྤྱི་ཚོགས་འགན་སྲུང་ནང་རྐྱེན། ཕྱིར་འཐེན་དང་འཕྲལ་སྒྲུབ་འཆར་གཞི། དེ་མིན་སྤྱི་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་བྱ་འགུལ་ཁྲོད་དུའང་རྒན་པའི་དགོས་མཁོར་བསམ་བློ་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག