མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་ལ་མེ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བཞིའི་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-13 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་ཝེའི་ཕྱི་འབྲེལ་བློན་ཆེན་པུའུ་ལོན་ཏི་ཡིས་ཚེས་བཅུ་གཉིས་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་ཁྱབ་སྒྲོག་བྱས་དོན། ཉིན་དེར་བསྡུས་པའི་ཅཱ་ཧྲའི་བསྐྱར་འཛུགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཅཱ་ཧྲའི་བསྐྱར་འཛུགས་ཐད་མེ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བཞིའི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱེད་རྒྱུའི་ཁས་ལེན་བྱས་ཟེར།

པུའུ་ལོན་ཏི་དང་ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་གཉིས་ཀྱིས་ཚོགས་འདུ་གྲོལ་ལ་ཉེ་སྐབས་མཉམ་དུ་གསལ་སྒྲོག་ཅིག་སྒྲོག་འདོན་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཉིན་དེའི་གྲོས་ཚོགས་ནས་བསྡོམས་པས་ཞལ་འདེབས་མ་དངུལ་མེ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བཞི་བསྡུས་པ་དང་། ཞལ་འདེབས་འབུལ་མཁན་གྱིས་གང་མགྱོགས་ཀྱིས་ཁས་ལེན་བྱས་པའི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱས་ཏེ་ཕཱ་ལེ་སི་ཐན་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་རྒྱུའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཕཱ་ལེ་སི་ཐ་ན་མཉམ་འབྲེལ་སྲིད་གཞུང་གིས་ཚེས་དགུའི་ཉིན་ཅཱ་ཧྲ་ས་ཁུལ་ནས་གྲོས་ཚོགས་ཐོག་མ་བསྡུས་པར་དགའ་བསུ་ཞུས་པ་དང་། དེ་ནི་ཕཱ་ལེ་སི་ཐན་སྲིད་གཞུང་གིས་ཅཱ་ཧྲ་བདག་བཟུང་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་པར་འདོད་ཡོད་ལ། ཕྱོགས་སོ་སོས་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་ལ་ཡར་སྐུལ་བྱེད་པའི་ཐད་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་བྱས།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཞི་བའི་གྲོས་མོལ་བྱས་ཏེ། ཞི་བའི་གྲོས་མོལ་ལ་གཏོར་བརླག་བྱེད་པའི་འགུལ་སྐྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་། གྲོས་ཚོགས་ནས་བལྟས་ན། ཅཱ་ཧྲ་ས་ཁུལ་དུ་དུས་ཡུན་རིང་བོར་འཁྲུག་རྩོད་མཚམས་འཇོག་པ་དང་ཕཱ་ལེ་སི་ཐན་གྱི་མཉམ་འབྲེལ་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་བདག་བཟུང་བྱེད་པ་མངོན་འགྱུར་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་ཐད་ནས་གྲུབ་འབྲས་ལོན་པའི་དགོས་ངེས་ཀྱི་ཆ་རྐྱེན་གཉིས་ཡིན་པར་འདོད།

ཨེ་ཅིབ་དང་ནོར་ཝེ་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་མགོ་འཛིན་བྱས་པའི་ཅཱ་ཧྲའི་བསྐྱར་འཛུགས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་ཁེ་རོ་ནས་བསྡུས་པ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས་དང་འཐུས་མི་བདུན་ཅུ་ལྷག་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཞལ་འདེབས་འབུལ་རྒྱུ་ཁས་ལེན་བྱས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲི་ཏོན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་སོགས་གྲོས་ཚོགས་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག