མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་མན་དང་ཧྥ་རན་སི་ཡིས་མི་བསྡད་མེད་པའི་གནམ་གྲུ་མངག་གཏོང་བྱས་ནས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་བཞག་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་འདོད་ཡོད་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་བཅུའི་ཉིན་བཤད་རྒྱུར། འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་རང་གི་མི་བསྡད་མེད་པའི་གནམ་གྲུ་དང་དམག་དོན་མི་སྣ་མངག་གཏོང་བྱས་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་བཞག་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་རྒྱུའི་གྲོས་གཞི་བཏོན་ཡོད་ཟེར།

ཧྲི་ཐེ་ཡུན་མེད་ཨར་གྱིས་ཉིན་དེར་པའོ་ལིན་ནས་འཚམས་འདྲིར་ཡོང་བའི་ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན་དང་གྲོས་མོལ་བྱས། ཁོས་གྲོས་མོལ་བྱས་རྗེས་གསར་འགོད་པར་བཤད་རྒྱུར། འཇར་མན་གྱི་དྲག་ཆས་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་དམག་དོན་མི་སྣ་མངག་གཏོང་བྱས་ཆོག་ཟེར།

ཧྲི་ཐེ་ཡུན་མེད་ཨར་གྱིས་་འཇར་མན་གྱིས་དམག་དོན་མི་སྣ་ག་ཚོད་དང་མི་བསྡད་མེད་པའི་གནམ་གྲུ་ག་ཚོད་མངག་གཏོང་བྱེད་དགོས་པ་གསལ་བོར་བཤད་མེད།

ཁི་ལེ་མུའུ་ཅིན་གྱིས་བསྟན་དོན། འཇར་མན་དང་ཧྥ་རན་སིས་བཏོན་པའི་གྲོས་གཞི་དེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པར་གལ་འགངས་ཧ་ཅང་ཆེ་ཡང་། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་དམག་མི་མངག་གཏོང་བྱེད་པར་ཝུའུ་ཁི་ལན་གྲོས་ཁང་གི་ཆོག་མཆན་ཐོབ་དགོས་ཟེར།

ཟླ་བཅུ་བའི་ཚེས་དྲུག་ཉིན། ཨོ་སི་ཁྲུ་རི་ཡཱ་ཡིས་འདོན་སྤྲོད་བྱས་པའི་མི་བསྡད་མེད་པའི་གནམ་གྲུ་གཉིས་ཝུའུ་ཁི་ལན་དུ་འབྱོར་བ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་བཞག་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་རྒྱུ་རེད། ཧྲི་ཐེ་ཡུན་མེད་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་མི་བསྡད་མེད་པའི་གནམ་གྲུ་སྔར་ལས་མང་བོ་ཐོབ་པར་རེ་བས་ཁེངས་ཡོད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་དེའི་སྔོན་བསྟན་དོན། ཕན་ནུས་ལྡན་པའི་སྒོ་ནས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་བཞག་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་དགོས་ན། ཉུང་མཐར་ཡང་མི་བསྡད་མེད་པའི་གནམ་གྲུ་ཉེར་དགུ་མཁོ་ཟེར།

མཐོ་རིམ་ཕྱི་འབྲེལ་དཔོན་པོ་ཞིག་གིས་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གཟའ་འཁོར་རྗེས་མར་དབྱི་ཐཱ་ལེའི་མུས་ལན་དུ་སོང་ནས་ཨེ་ཤ་ཡཱ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་ལ་ཞུགས་སྐབས་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་གྲོས་མོལ་བྱེད་རྒྱུ་རེད། མིག་སྔར་ད་རུང་གྲོས་མོལ་གྱི་རྣམ་པ་གསལ་བོར་མི་ཤེས་ཀྱང་། ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པ་ཡང་གྲོས་མོལ་དེར་ཞུགས་པའི་རེ་བ་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག