མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ཚེས་བཅུ་གཅིག་ཉིན་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་རུ་འབྱོར་ནས་ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོའི་འཐུས་མིར་གྲོས་མོལ་བྱས། ཁོས་ཕྱོགས་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་བཞག་སྟེ་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་གྲོས་མོལ་ལ་ཞུགས་མཁན་ལ་ལི་པུ་ཡཱའི་སྐབས་གསར་བའི་གྲོས་ཁང་གི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་མི་བཅུ་གཉིས་དང་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་ཕྱོགས་ཁག་གི་འཐུས་མི་བཅུ་གསུམ་ཡོད། ཡོ་རོབ་གླིང་གི་རྒྱལ་ཁབ་རེ་འགའི་ཕྱི་འབྲེལ་མི་སྣ་ཉིན་དེའི་གྲོས་མོལ་ལ་ཞུགས།

ཕན་ཅི་ཝུན་གྱིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པུ་ཡཱའི་མི་རྣམས་ཀྱིས་མུ་མཐུད་དུ་ཁྲག་བཞུར་དོན་རྐྱེན་བཟོ་བར་བཟོད་ཐབས་མེད་པ་དང་། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་ཟེར། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མིག་སྔར་སྤེལ་བཞིན་པའི་ཆབ་སྲིད་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཕན་ཅི་ཝུན་གྱིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདེམ་བསྐོ་བརྒྱུད་ནས་བདམས་ཐོན་བྱུང་བའི་ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ཁས་ལེན་བྱེད་ཀྱང་། ཁོས་བལྟས་ན་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་དེས་ལི་པུ་ཡཱའི་མི་ཚང་མའི་ཁེ་ཕན་གྱི་ཚབ་བྱེད་དགོས་པར་འདོད། ཕན་ཅི་ཝུན་གྱིས་བཤད་རྒྱུར། ལི་པུ་ཡཱའི་ཆབ་སྲིད་བར་བརྒལ་གྱི་འཕེལ་རིམ་དེ་ཡུན་རིང་ཞིང་དཀའ་ཚེགས་ཆེ་བ་ཞིག་ཡིན་པ་ཤེས་ཡོད་ཀྱང་ལི་པུ་ཡཱ་ནས་ཆབ་སྲིད་ཁ་བྲལ་གྱི་རྣམ་པ་འབྱུང་མི་རུང་ཟེར།

ཟླ་བདུན་པའི་ཟླ་དཀྱིལ་གྱི་ཚུན་ལ། ལི་པུ་ཡཱའི་ཆོས་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་དང་འཇིག་རྟེན་པའི་ཕྱོགས་ཁག་གཉིས་ཀྱི་དམངས་དམག་དྲག་ཆས་པས་རྒྱལ་ས་ཏི་ལེ་པའོ་ལི་ནས་འཁྲུག་རྩོད་བྱས་པ་དང་། ལི་པུ་ཡཱའི་གནས་སྐབས་སྲིད་གཞུང་དང་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་ཤར་ཕྱོགས་ཀྱི་ཐུའུ་པུའུ་ལུའུ་ཀི་རུ་མི་སྤོར་ཀ་མེད་བྱུང་། ཆོས་ལུགས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་ལི་པུ་ཡཱའི་སྐྱ་རེངས་ཞེས་པའི་དྲག་ཆས་པས་ཏི་ལེ་པའོ་ལིའི་ཚོད་འཛིན་དབང་ཆ་འཕྲོག་ལེན་བྱས་རྗེས། འགན་ཡུན་ལོངས་པའི་ལི་པུ་ཡཱའི་རྒྱལ་དམངས་གྲོས་ཁང་སླར་གསོ་བྱས་པར་མ་ཟད་རྒྱལ་སྐྱོབ་སྲིད་གཞུང་བཙུགས། མིག་སྔར་ལི་པུ་ཡཱ་ནས་གྲོས་ཁང་གཉིས་དང་སྲིད་གཞུང་གཉིས་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག