མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཐུར་ཁེ་རྒྱལ་ཁབ་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པར་འཐད་པ་བྱུང་ཡོད་པར་བཤད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 11:10

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཧཱ་ཧྥུའུ་ཡིས་ཚེས་བཅུ་ཉིན་བསྟན་དོན། ཨ་མེ་རི་ཁའི་ཆེད་ཕོ་ཉ་དང་ཐུར་ཁེའི་དཔོན་རིགས་ཀྱིས་གྲོས་མོལ་བྱས་ཏེ། ཐུར་ཁེ་ཕྱོགས་ཀྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་སྦྱོང་བརྡར་དང་སྒྲིག་ཆས་ལ་རོགས་འདེགས་བྱེད་རྒྱུར་འཐད་པ་བྱུང་།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པ་ནི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཧཱ་ཧྥུའུ་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་གཟའ་འཁོར་རྗེས་མར་ཐུར་ཁེ་འི་རྒྱལ་ས་ཨན་ཁཱ་ལཱ་རུ་བྱ་བའི་ཚན་ཆུང་མངག་ནས་འབྲེལ་ཡོད་གནས་ཚུལ་ལ་གྲོས་བསྡུར་ཞིབ་མོ་བྱེད་རྒྱུ་ཡིན་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་གནད་དོན་ཐད་ནས། ཐུར་ཁེ་རྒྱལ་ཁབ་ཀྱིས་ཐད་ཀར་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་གཞན་ད་རུང་ཕྱོགས་མང་བོ་ནས་རོགས་རམ་བྱེད་དགོས་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁོངས་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བློ་འདོན་པ་མའོ་ནཱ་ཁི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཐུར་ཁེའི་སྡེ་ཁག་གི་གཙོ་གཉེར་དཔོན་པོ་ཧྥེ་ཏན་དང་གྲོས་མོལ་བྱས། ཕོ་བྲང་དཀར་པོས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་མཉམ་ལས་དང་ཐུར་ཁེ་ཕྱོགས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་ཁྲོད་ཀྱི་དམིགས་བསལ་ནུས་པ་སོགས་གནད་དོན་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། མའོ་ནཱ་ཁི་ཡིས་ད་རུང་ཐུར་ཁེ་ཕྱོགས་ཀྱིས་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་སྟེ་སྟོབས་ཤུགས་ཇེ་ཞན་དུ་གཏོང་དགོས་པའི་སྐུལ་མ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག